༄༅།། ཡང་བསྐྱར་སློབ་གྲྭ་ཆུང་འབྲིང་གི་གྲངས་རིག་བསླབ་གཞིའི་ཁྲོད་དུ་གནས་པའི་གནད་དོན་སྐོར་ལ་རགས་ཙམ་དཔྱད་པ།

མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་།    བཙུན་ཐར་རྒྱལ།

【གནད་བཏུས】 དཔྱད་རྩོམ་འདིའི་ནང་དུ་གཙོ་བོ་ལྗོངས་ཞིང་ལྔས་བསྒྲིགས་པའི་བོད་ཀྱི་ས་ཁུལ་དུ་སྤྱོད་པའི་སློབ་གྲྭ་ཆུང་འབྲིང་གི་གྲངས་རིག་བསླབ་གཞིའི་ཁྲོད་དུ་གནས་པའི་གནད་དོན་སྐོར་ལ་རང་གི་ལྟ་བ་རགས་ཙམ་བཏོན་ཡོད།

【གནད་ཚིག】 གྲངས་རིག  བསླབ་གཞི།  ཚད་ལྡན།  གཅིག་གྱུར།

     བསླབ་གཞི་ནི་དཔེ་ཁྲིད་བྱ་འགུལ་བདེ་ལེགས་ངང་ཡོངས་འགྲུབ་བྱུང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་ལ།  བསླབ་གཞི་འཛུགས་སྐྲུན་ནི་སློབ་གྲྭ་སློབ་གསོའི་རྨང་གཞི་འཛུགས་སྐྲུན་ཆེན་པོ་གསུམ་ལས་བྱ་བ་གལ་ཆེན་གཅིག་ཀྱང་ཡིན། བསླབ་གཞི་ལ་སློབ་མར་མིའི་རིགས་ཀྱི་རིག་གནས་དང་ཉམས་མྱོང་བརྒྱུད་སྤྲོད་བྱེད་པའི་ནུས་པ་ལྡན་པའི་ཁར། སློབ་མར་སློབ་གྲྭའི་སློབ་གསོ་ལས་ནུས་པ་ཐོབ་པ་དང་རང་ཉིད་ཀྱིས་ཤེས་བྱ་སྦྱང་བའི་བརྟེན་གཞིར་གྱུར་བའི་ལག་ཆ་གཙོ་བོ་ཞིག་ཀྱང་ཡིན།  ལག་ལེན་དངོས་ལས་བདེན་དཔང་བྱུང་བ་ནི་དཔེ་ཁྲིད་སྤུས་ཚད་བཟང་ངན་དེ་ཐད་ཀར་བསླབ་གཞིའི་སྤུས་ཚད་བཟང་ངན་ལ་རག་ལས་ཡོད་པས། བོད་ཡིག་གི་གྲངས་རིག་བསླབ་གཞི་སྒྱུར་སྒྲིག་དང་པར་སྐྲུན་བྱེད་རྒྱུ་ནི་གནད་ཆེ་བའི་བྱ་བ་ཞིག་རེད།  དེའི་ཕྱིར་བོད་མི་རིགས་ཀྱི་སློབ་གསོ་འཕེལ་རྒྱས་བཏང་ནས་བོད་མི་རིགས་ཡོངས་ཀྱི་ཚན་རིག་ལག་རྩལ་གྱི་སྤུས་ཀ་ཇེ་མཐོར་གཏོང་དགོས་ན།  ངེས་པར་དུ་བསམ་བློའི་རང་བཞིན་དང་། ཚན་རིག་རང་བཞིན།  ཤེས་བྱའི་རང་བཞིན། སྤྲོ་སྣང་རང་བཞིན།   མི་རིགས་ཀྱི་ཁྱད་ཆོས་རང་བཞིན་བཅས་ཕྱོགས་གཅིག་ཏུ་བསྡུས་ཤིང་བོད་ཁུལ་གྱི་སློབ་གསོའི་དགོས་མཁོར་བསྟུན་ནས་རྩིས་ཚན་བསླབ་གཞི་ཆ་ཚང་ཞིག་བསྒྲིགས་ཏེ་ཁག་ཐེག་བྱེད་དགོས། དེ་ལས་གཞན་ཐབས་ལམ་གང་ཡང་ཡོད་པ་མ་རེད།   ད་ལྟ་བོད་ཁུལ་དུ་སྤྱོད་པའི་ལྗོངས་ཞིང་ལྔའི་མཉམ་བསྒྲིགས་གྲངས་རིག་བསླབ་གཞི་ལ་མཚོན་ན།   སྤྱིའི་ཆ་ནས་སྒྱུར་སྒྲིག་བྱས་པའི་སློབ་གཞིའི་སྤུས་ཚད་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བཞིན་ཡོད་མོད།   འོན་ཀྱང་ཉེ་བའི་ལོ་གཅིག་གཉིས་ཀྱི་རིང་ལ་བསླབ་གཞིའི་འགྱུར་ཡིག་ཁྲོད་དུ་མིང་ཚིག་གཅིག་གྱུར་མིན་པ་དང་ཚད་ལྡན་མིན་པ།  གོ་ནོར་བྱུང་བ།  ས་གནས་མི་མཐུན་པའི་ཡུལ་སྐད་མི་འདྲ་བ་བྱུང་བ་སོགས་ཀྱི་གནད་དོན་འགའ་རེ་མཐོང་བས། ཚང་མས་མཐོང་ཆེན་བྱེད་པའི་ཆེད་དུ། གཤམ་དུ་གནད་དོན་དེ་རིགས་ཀྱི་འབྱུང་རྐྱེན་རིགས་ལྔ་རུ་ཕྱེ་ནས་རང་གི་ལྟ་ཚུལ་རགས་ཙམ་བརྗོད་ཡོད།

གཅིག  གྲངས་རིག་ཚིག་མཛོད་ལས་བྱུང་བའི་གནད་དོན།

     ལྗོངས་ཞིང་ལྔའི་གྲངས་རིག་བསླབ་དེབ་བོད་ཡིག་ཏུ་སྒྱུར་བའི་སྐབས་སུ། མིང་ཚིག་གཅིག་གྱུར་ཡོང་བའི་ཐད་ཚད་མར་འཛིན་ས་ནི། ལྗོངས་ཞིང་ལྔའི་བོད་ཡིག་བསླབ་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་མཛད་དེ་སི་ཁྲོན་མི་རིཊ་དཔེ་སྐྲུན་ཁང་གིས ༢༠༠༠ ལོའི་ཟླ ༦ པར་དཔེ་སྐྲུན་བྱས་པའི༼  རྒྱ་བོད་དབྱིན་གསུམ་ཤན་སྦྱར་གྱི་གྲངས་རིག་པའི་ཚིག་མཛོད  ༽ཅེས་པ་དེ་ཡིན། ཚིག་མཛོད་དེ་དཔར་སྐྲུན་བྱས་ནས་ལོ་བཅོ་ལྔའི་རིང་བོད་ཁམས་ཀྱི་གྲངས་རིག་བསླབ་གཞིའི་མིང་ཚིག་གཅིག་གྱུར་ཡོང་བ་དང་བོད་མི་རིགས་ཀྱི་ཚན་རིག་ལག་རྩལ་གྱི་སྤུས་ཀ་ཇེ་མཐོར་གཏོང་བའི་ཐད་བྱས་རྗེས་ཆེན་པོ་བཞག་ཡོད་མོད། འོན་ཀྱང་དེང་སྐབས་ཀྱི་འཇིག་རྟེན་ནི་བརྡ་འཕྲིན་གྱི་འཇིག་རྟེན་ཡིན་ཞིང་། ཚན་རིག་གསར་པ་དང་། དོན་སྤྱི་གསར་པ།   གཞུང་ལུགས་གསར་པ་རྣམས་རྒྱུན་མི་འཆད་པར་འབྱུང་བ་དང་། ཚན་རིག་ལག་རྩལ་མགྱོགས་མྱུར་སྒོས་རྒྱུན་མི་འཆད་པར་འཕེལ་རྒྱས་བྱུང་སྟབས། ཚིག་མཛོད་ཅིག་ལ་མཚོན་ནའང་དེར་བསྟུན་ནས་ལོ་འགའ་རེ་རྗེས་སུ་དག་བཅོས་དང་ཁ་གསབ། རིམ་བཞིན་ཚད་ལྡན་ཅན་དུ་བཏང་ནས་སྤྱི་ཚོགས་འཕེལ་བའི་རྗེས་ཆོད་དགོས་མོད། འོན་ཀྱང་།  ང་ཚོའི༼  གྲངས་རིག་ཚིག་མཛོད  ༽① དུ་སྐྱོན་མི་ཉུང་བ་ཞིག་ཡོད་དེ།  དཔེར་ན།

(1)  P18②比例中项 ལ་སྡུར་ཕྲེང་བར་ཚན་དང་།  P98等比中项 ལ་སྡུར་མཚུངས་དཀྱིལ་ཚན།

(2)  P673证明 ལ་ར་སྤྲོད་དང་།  P154反证法 ལ་ལྡོག་སྒྲུབ་ཐབས།

(3)  P194高阶无穷小 ལ་ཐེམ་མཐོ་ཚད་མེད་ཆུང་དང་།  P548无穷小 ལ་མུ་མེད་ཆུང་།

(4)  P660正割 ལ་དྲང་བཅད་དང་།   P637余割 ལ་ལྷག་འབྲེག

(5)  P99等待系统 ལ་ངང་སྒུག་རྒྱུད་ཁོངས་དང་། P99等待-延滞系统 ལ་ངང་སྒུག-ནར་ལུས་མ་ལག

(6)  P551五边形数 ལ་མཐའ་ལྔ་དབྱིབས་ཀྱི་གྲངས་དང་། P427三角形数 ལ་ཟུར་གསུམ་དབྱིབས་གྲངས།

(7) P280解 1.བཀྲོལ་ཐོབ།  2. འགྲོལ་བ་དང་།  P280解法 ལ་འགྲེལ་ཐབས།

(8) P660正割定理 ལ་དྲང་བཅད་ངེས་སྲོལ་དང་། P660正割公式 ལ་དྲང་གཅོད་སྤྱི་འགྲོས།

(9)P515图象数据 ལ་དཔེ་རིས་གཞི་འཛིན་གྲངས་དང་། P220函数的图象 ལ་རྟེན་འབྱུང་གྲངས་ཀྱི་རིས་དབྱིབས་ཞེས་བསྒྱུར་པ་སོགས་ལྟ་བུ་ལ་མཚོན་ན་སྒྱུར་ཚུལ་སྔ་ཕྱི་འགལ་བའམ་མི་མཐུན་པ་དང་། ཡང་མིང་ཚིག་སྐོར་ཞིག་རྩ་བ་ནས་སྒྱུར་ནོར་བྱུང་ཡོད་པ་སྟེ།  དཔེར་ན།

(1) P98等比中项 ལ་སྡུར་མཚུངས་དཀྱིལ་ཚན།

(2) P685中值定理 ལ་དཀྱིལ་ཐང་ངེས་སྲོལ།

(3) P660正方形数 ལ་ཕོ་ཕྱོགས་དབྱིབས་གྲངས།

(4) P660正方陈列 ལ་ཕོ་ཕྱོགས་གྲལ་ཕྲེང་།

(5) P484等式 ལ་མི་མཚུངས་ཚུལ།

(6) P97导向量 ལ་འདྲེན་པའི་ཕྱོགས་ཚད་ཅེས་བསྒྱུར་ཡོད་པ་ལྟ་བུ་སོགས་སོ། །

དེའི་ཕྱིར་ཆུ་འགོ་ནས་རྙོག་ན་ཆུ་མཇུག་ནས་དྭངས་མི་སྲིད་ཅེས་པའི་དཔེ་བཞིན། ང་ཚོའི༼  གྲངས་རིག་ཚིག་མཛོད  ༽དུ་བྱུང་ཡོད་པའི་སྐྱོན་དེ་རིགས་དུས་ལྟར་སེལ་མ་ཐུབ་པར་རྒྱུན་འབྱམས་སུ་གྱུར་ན་གྲངས་རིག་བསླབ་གཞི་རུ་མིང་ཚིག་གཅིག་གྱུར་མིན་པའམ་ནོར་འཆུག་བྱུང་བའི་གནད་དོན་དེ་ནམ་ཡང་གཡོལ་ཐབས་མེད་དོ། །

གཉིས།   སྒྱུར་པ་པོ་རང་སྟེང་ནས་བྱུང་བའི་གནད་དོན།

     ༼  གྲངས་རིག་ཚིག་མཛོད  ༽དུ་ཡོད་པ་མ་ཟད་ང་ཚོས་དུས་ཡུན་རིང་པོར་བཀོལ་ནས་གཏན་འཇགས་ཡོང་ཡོད་པ་ལས་གཞན། རྒྱ་ཆེའི་དགེ་སློབ་ཚང་མས་ཁས་ལེན་པའི་མིང་ཚིག་སྐོར་ཞིག་སྒྱུར་པ་པོས་རང་འདོད་ལྟར་བསྒྱུར་བཅོས་བྱས་ཡོད་པ་སྟེ།  དཔེར་ན།  སྔོན་ཆད 图 ལ་རི་མོ་དང 图象 ལ་དཔེ་རིས་ཞེས་བསྒྱུར་ཞིང་།  དེ་ཚོ༼  གྲངས་རིག་ཚིག་མཛོད  ༽དུའང(P514)图 ལ་རི་མོ་དང་།(P515)图象数据 ལ་དཔེ་རིས་གཞི་འཛིན་གྲངས་ཞེས་བཀོད་ཡོད། འོན་ཀྱང་ཉེ་བའི་ལོ་འགའི་རིང་ལ་གྲངས་རིག་བསླབ་གཞིའི་ཁྲོད་དུ 图 ལ་དཔེ་རིས་དང 图象 ལའང་དཔེ་རིས་ཞེས་བསྒྱུར་ཡོད། དེ་ལྟར་བསྒྱུར་ན་རྙོག་རྫོབ་ལས་དགེ་མཚན་ཅི་ཡང་མེད་ལ། མིང་ཚིག་ཚད་ལྡན་ཡོང་བའི་རྩ་དོན་ལའང་གཏན་ནས་མི་མཐུན། དེ་ནས 组 ལ་སྔོན་ཆད་སྐོར་ཞེས་བསྒྱུར་ཡོད་པ་སྟེ། ༼  གྲངས་རིག་ཚིག་མཛོད  ༽དུ 组 ལ་འབྲེལ་བ་ཡོད་པའི་མིང་ཚིག་ལྔ་བཅུ་ལྷག་ཡོད་པ་ནི P156方程组 ལ་མཉམ་བྱ་སྐོར་དང་། P711组合 ལ་སྐོར་སྒྲིག་ཅེས་བཀོད་ཡོད་པ་སོགས་ལྟ་བུ། ད་ལྟ 组 ལ་ཚོ་ཞེས་སྒྱུར་བཞིན་ཡོད། སྐབས་འདིར་བལྟས་པ་ཙམ་གྱིས་ཧ་ཅང་བཟང་སྙམ་མོད།  འོན་ཀྱང་དེ་ལྟར་བསྒྱུར་ནས་མིང་ཚིག་གཅིག་གྱུར་བྱས་ན། ང་ཚོའི་གྲངས་རིག་ཚིག་མཛོད་དུ 组 ལ་འབྲེལ་བ་ཡོད་པའི 组合 སོགས་མིང་ཚིག་ལྔ་བཅུ་ལྷག་ཡོད་པ་ཐམས་ཅད་རྩ་སློག་བྱ་དགོས་པ་དང་། དེར་བསྟུན་ན་མཐོ་འབྲིང་གི་སྡོམ་རྩིས་ལས 组数 འདི་ངེས་པར་དུ་ཚོ་གྲངས་ལྟར་བསྒྱུར་དགོས། དེ་ང་ཚོས་སྔོན་ཆད་མཐོ་འབྲིང་གི 复数 ལ་ཚོ་གྲངས་ཞེས་གཏན་ལ་ཕབ་ཟིན་པ་དང་གཅིག་མཐུན་དུ་གྱུར་བས། རྙོག་དྲ་ཆེན་པོ་བཟོས་ཡོད།  成立 ནི་གྲངས་རིག་བརྡ་ཆད་ཅིག་མིན་མོད། འོན་ཀྱང་གྲངས་རིག་བསླབ་གཞི་རུ་ག་ས་གར་བཀོལ་བཞིན་ཡོད། ད་ལྟ 成立 ལ་ཚུགས་ཐུབ་ཅེས་སྒྱུར་བཞིན་ཡོད།  དེ་ལའང་ང་རང་མི་འཐད་དེ། དེར་གྲུབ་བམ་གྲུབ་ཐུབ་ཅེས་བསྒྱུར་ན་བཟང་སྙམ། རྒྱུ་མཚན་ནི་ང་ཚོའི་གྲངས་རིག་ཚིག་མཛོད་དུ P681质数 ལ་ཚུགས་ཐུབ་གྲངས་དང P231互质 ལ་ཕན་ཚུན་ཚུགས་ཐུབ་ཅེས་བསྒྱུར་ཡོད་པས་རྙོག་དྲ་འབྱུང་སླ་ཞིང་།  དེ་ལྟར་བསྒྱུར་ན་མཐོ་འབྲིང་གི་གྲངས་རིག་འདེམས་སྦྱོང 4-6༼  དམའ་རིམ་གྲངས་ཀྱི་རྣམ་བཤད་ཀྱི་འཇུག་སྒོ  ༽དང་སློབ་ཆེན་གྱི༼  དམའ་རིམ་གྲངས་ཀྱི་རྣམ་བཤད  ༽བསླབ་དེབ་གཉིས་ཁྲིད་ཐབས་མེད།  དེ་ལྟར་འུ་ཚུགས་ཀྱིས་བསྒྱུར་ཡོད་པའི་དཔེ་ད་རུང་མང་པོ་འདྲེན་རྒྱུ་ཡོད་ཀྱང་འདིར་མི་བརྗོད། དེང་སང་གི་ཡིག་སྒྱུར་ཐ་སྙད་ནི་ལོ་རེ་དང་དེབ་རེ་བསྒྱུར་བ་དང་འགྱུར་བཞིན་ཡོད་པས། བསླབ་དེབ་ཁྲིད་མཁན་གྱི་དགེ་རྒན་རྣམས་ཀྱིས་སྡུག་སྐད་འབྱིན་པ་ལས་ཐབས་ཅི་ཡང་མེད། དེའི་ཕྱིར། ང་ཚོས་འོས་ཤིང་འཚམ་པའི་སྒྱུར་སྲོལ་ལས་བྱུང་བའི་ཐ་སྙད་དག་གཏན་ཚིགས་དང་བཅས་པའི་སྒོ་ནས་གཏན་འབེབས་བྱ་རྒྱུ་དང་། གཏན་ལ་ཕབ་རྗེས་ཡིག་སྒྱུར་བྱེད་མཁན་གྱིས་བཀོལ་སྤྱོད་བྱེད་མིན་དེ་ལྗོངས་ཞིང་ལྔའི་བསླབ་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ནན་ཏན་གྱིས་ལྟ་རྟོག་བྱས་ནས་སྒྱུར་སྲོལ་ངན་པ་དེ་དག་རྩ་བ་ནས་བཀག་སྟེ་སྔར་གྱི་ཚད་ལྡན་ཐ་སྙད་རྣམས་སླར་གསོ་བྱེད་དགོས།  སྤྱིར་མིང་ཚིག་གཅིག་གི་སྒྱུར་སྲོལ་དེ་སློབ་ཆུང་ནས་སློབ་འབྲིང་།  དེ་ནས་སློབ་ཆེན། ཡང་ན་དེའི་ཡན་ཆད་ཀྱི་ཤེས་བྱའི་མ་ལག་ཏུ་བཞག་སྟེ་བཀོལ་སྤྱོད་དང་བསམ་བློ་གང་ལེགས་བཏང་ནས་གཏན་ལ་ཕབ་ན། ད་གཟོད་མིང་ཚིག་ཅུང་ཚད་ལྡན་ཡིན་པ་དང་། འགལ་ཟླ་ཆེན་པོ་མེད་པས། བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཚོས་གྲངས་རིག་དོན་སྤྱིའི་གོ་བ་ལེན་པ་དང་རྗེས་མཐུད་བསླབ་ཚན་སྦྱང་པར་ཞབས་འདེགས་ལེགས་པོ་བྱེད་ཐུབ་སྙམ་མོ། །

གསུམ།   ལས་ཚིག་ལས་གྲུབ་པའི་མིང་ཚིག་གི་གནད་དོན།

     རང་རེའི་བོད་ཡིག་ལ་མཚོན་ན། ལས་ཚིག་གི་དུས་གསུམ་དང་སྐུལ་ཚིག་གང་ལས་ཀྱང་མིང་ཚིག་གྲུབ་ཆོག་སྟེ། དཔེར་ན། བཙོ་སྦྱང་། སྟོན་པ། བཞུགས་ཁྲི། ཆོད་ཡིག་སོགས་ལྟ་བུ། དེ་ཚང་མ་འདོད་རྒྱལ་གྱི་མིང་མིན་པ་ཤ་སྟག་ཡིན།   འོ་ན་ང་ཚོའི་བོད་ལ་སྔོན་ཆད་ཡེ་ནས་མེད་པའི་ལས་ཚིག་ལས་གྲུབ་པའི་མིང་ཚིག་ཅིག་བོད་ཡིག་ཏུ་བསྒྱུར་དགོས་ན།  གནས་ཚུལ་དངོས་གང་ལ་བལྟས་ནས་དུས་གསུམ་དང་སྐུལ་ཚིག་ལས་གང་ཞིག་མིང་ལ་འཇུག་པ་དང་གང་ཞིག་མིང་ལ་མི་འཇུག་པ། ཡང་ན་དེ་ལྟར་བསྒྱུར་དགོས་པའི་ཚད་གཞི་ཅི་ཡིན་ཞེ་ན། དེའི་ ཐད་ལ་ད་ལྟའི་བར་དུ་མཁས་པ་གཅིག་གིས་ཀྱང་གསལ་པོར་བརྗོད་མེད་པས། མིང་ཚིག་དེ་རིགས་ཀྱི་ཡིག་སྒྱུར་ཐད་གཅིག་གྱུར་ཐོན་མེད་པ་གང་ནས་ཀྱང་མཐོང་ཐུབ་སྟེ། དཔེར་ན། 广播 ལ་རྒྱང་བསྒྲགས་དང་རྒྱང་སྒྲོག   宣传 ལ་དྲིལ་བསྒྲགས་དང་དྲིལ་སྒྲོག  参考 ལ་ཟུར་ལྟ་དང་ཟུར་བལྟ་ཞེས་བསྒྱུར་བ་སོགས་ལྟ་བུ། དེ་བཞིན་དུ་གྲངས་རིག་བསླབ་གཞིའི་འགྱུར་ཡིག་ཏུའང་གནད་དོན་དེ་རིགས་བྱུང་ཡོད། ཐ་ན་ལྗོངས་ཞིང་ལྔས་མཉམ་སྒྲིག་བྱས་པའི་གྲངས་རིག་སློབ་དེབ་མདུན་ངོས་གཅིག་པུའི་སྟེང་དུ་མིང་ཚིག་གཅིག་གྱུར་ཐོན་མེད་པ་འགའ་ཡོད་དེ།  དཔེར་ན། 教材 ལ་སློབ་གཞི་དང་བསླབ་གཞི། 选修 ལ་འདེམ་སྦྱོང་དང་འདེམས་སྦྱོང་།   数学 ལ་གྲངས་རིག་་པ་དང་རྩིས་རིག་ཅེས་བསྒྱུར་ཡོད་པས། བསླབ་དེབ་གཞུང་དངོས་ཀྱི་གནད་དོན་དེ་རིགས་བརྗོད་མ་དགོས་པ་རེད།

བཞི།  བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་གཙིགས་འཛིན་མི་བྱེད་པའི་གནད་དོན།

     ང་ཚོའི་བོད་ཁུལ་དུ་སྤྱོད་བཞིན་ཡོད་པའི་གྲངས་རིག་བསླབ་གཞི་ནི་ཐད་ཀར་བབ་མཚུངས་ཀྱི་རྒྱ་ཡིག་བསླབ་གཞི་ལས་བསྒྱུར་བ་ཡིན་པས།  དེ་རུ་བོད་ཀྱི་སློབ་མ་ལ་ཆ་རྒྱུས་ཡོད་པའི་འཚོ་བའི་ཁོར་ཡུག་དང་སྲོལ་རྒྱུན་རིག་གནས་ཉག་ཙམ་ཡང་མེད་པའི་ཁར། བོད་རིགས་སློབ་མས་གོ་མ་མྱོང་བ་དང་མཐོང་མ་མྱོང་བའི་དངོས་པོ་དང་གནད་དོན་ག་ས་གར་ན་ཡོད། གནད་དོན་དེ་རིགས་རང་ཤུགས་ཀྱིས་བོད་རིགས་སློབ་མས་གྲངས་རིག་དོན་སྤྱིའི་གོ་བ་ལེན་པ་དང་རྩིས་གཞི་འགྲོལ་བར་་དཀའ་ཚད་ཇེ་མཐོར་བཏང་བ་དང་།  སློབ་སྦྱོང་གི་འགན་ཇེ་ལྕིར་བཏང་ཡོད་པས།   དེ་ད་ལྟ་བོད་ཀྱི་སློབ་མ་མང་ཤོས་གྲངས་རིག་སྦྱང་བར་སྤྲོ་བ་མེད་པ་དང་གྲངས་རིག་གི་སྦྱངས་འབྲས་ཞན་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་གྱུར་ཡོད་པར་སྙམ། ཐ་ན་བོད་རང་ལ་གནའ་སྔ་མོ་ནས་ཡོད་པའི་གྲངས་ཀྱི་ཀློག་ཐབས་ཙམ་ཡང་མི་བཀོལ་བར་རྒྱ་ཡིག་ལྟར་ཇི་མ་ཇི་མ་བཞིན་དུ་བསྒྱུར་ཡོད་པ་སྟེ། དཔེར་ན། སློབ་ཆུང་ལོ་རིམ་བཞི་པའི་གྲངས་ཀ་ཆེན་པོ་ངོས་འཛིན་ཞེས་པ་ལས་གྲངས་གནས་སོ་སོའི་གྲངས་བགྲང་འཇལ་བྱེད་བརྗོད་པའི་སྐབས་སུ། གཅིག བཅུ། བརྒྱ། སྟོང་། ཁྲི། ཁྲི་བཅུ། ཁྲི་བརྒྱ། ཁྲི་སྟོང་། དུང་ཕྱུར་སོགས་རིམ་གྱིས་བཀོད་ཡོད། འོན་ཀྱང་། ཁྲི་བཅུ། ཁྲི་བརྒྱ། ཁྲི་སྟོང་ཟེར་བའི་གྲངས་བགྲང་བྱེད་ཀྱི་ཐ་སྙད་དེ་སྔོན་བོད་ཀྱི་གཞུང་གང་ནས་ཀྱང་ཐོན་མ་བྱུང་། འོ་ན་བོད་ཀྱིས་ཁྲི་ཡན་ཆད་གྱི་གྲངས་ཀ་ཀློག་མི་ཤེས་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ་དོན་དུ་བོད་རང་གི་གྲངས་ཀ་ཀློག་སྟངས་ནི། གཅིག བཅུ། བརྒྱ། སྟོང་། ཁྲི། འབུམ། ས་ཡ། བྱེ་བ། དུང་ཕྱུར། ཐེར་འབུམ་སོགས་གྲངས་གནས་དྲུག་བཅུ་ཡིན་པ་ལས།  གོང་དུ་བརྗོད་པའི་ཁྲི་བཅུ་དང་ཁྲི་བརྒྱ་སོགས་མ་ཡིན། བོད་རང་སྐད་ཁྲོད་ཀྱི་སྔར་ཡོད་ཐ་སྙད་དག་ཀྱང་བེད་སྤྱོད་གཏོང་མ་ཐུབ་པར་དེའི་ཚབ་ཏུ་ཐ་སྙད་གསར་བཟོ་བྱེད་པ་ནི་མ་ཤེས་ངོ་ཚ་ཡིན་པས། རང་སྐད་ཁྲོད་དུ་སྔར་ཡོད་པ་རྣམས་སོར་འཇོག་གིས་བེད་སྤྱོད་གཏོང་རྒྱུ་ནི་ཡིག་སྒྱུར་ཐ་སྙད་རང་ཤུགས་ཀྱིས་ཚད་ལྡན་གཅིག་གྱུར་ཡོང་བའི་ཐབས་ལམ་གཙོ་བོ་ཞིག་ཡིན། དཔེར་ན།  གྲངས་ཀ 800200872 ལྟ་བུ་ཞིག་གོང་གི་ཡིག་བསྒྱུར་གྱི་དགོངས་དོན་ལྟར་བཀླགས་ན། སྔོན་ལ་རིམ་པ་དགར་ཅིང་དེ་ནས་རིམ་པ་མཐོ་ཤོས་ནས་རིམ་གྱིས”དུང་ཕྱུར་བརྒྱད་ཁྲི་སྟོང་མེད་ཁྲི་བརྒྱ་མེད་ཁྲི་ཉི་ཤུ་དང་སྟོང་མེད་བརྒྱད་བརྒྱ་དོན་གཉིས”ཞེས་ཀློག་དགོས།  དེ་ལྟར་བཀླགས་ན་བརྗོད་མི་བདེ་ཞིང་ཉན་ན་རྣ་ལའང་མི་སྙན།  འོན་ཀྱང་།  བོད་རང་གི་ཀློག་སྟངས་ལྟར་ན་དེ་ཐད་ཀར”དུང་ཕྱུར་བརྒྱད་དང་ཉིས་འབུམ་བརྒྱད་བརྒྱ་དོན་གཉིས” ཞེས་བཀླགས་ཆོག  དེ་ཚིག་བསྡུས་ཤིང་དོན་གསལ་ལ་གོ་བདེའོ། ། དེའི་ཕྱིར་ང་ཚོའི་བསླབ་གཞི་རུ་བོད་ཀྱི་སློབ་མ་ཚོར་ཆ་རྒྱུས་དང་བག་ཆགས་ཡོད་པའི་ཐ་སྙད་བཀོལ་ཅི་ཐུབ་དང་། བོད་ཀྱི་སློབ་མའི་འཚོ་བ་དངོས་དང་ཐག་ཉེ་བའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་གྲངས་རིག་བསམ་བློ་དང་ཐ་སྙད་སོགས་རྒྱུན་འཛིན་བྱས་ན། བོད་ཀྱི་སློབ་མས་གྲངས་རིག་སྦྱང་བའི་འདུན་པ་གསོ་སྐྱོང་བྱེད་པའི་ཐད་ནུས་པ་ཆེན་པོ་འདོན་ཐུབ་སྙམ་མོ། །

ལྔ།   ཡུལ་སྐད་ཀྱི་སྟེང་ནས་བྱུང་བའི་གནད་དོན། 

     སྤྱིར་ང་ཚོའི་བོད་ཁུལ་དུ་སྤྱོད་བཞིན་ཡོད་པའི་གྲངས་རིག་བསླབ་གཞི་ནི་མཚོ་སྔོན་མི་རིགས་བསླབ་གཞི་རྩོམ་སྒྱུར་ལྟེ་གནས་དང་བོད་ལྗོངས་བསླབ་གཞི་རྩོམ་སྒྱུར་ལྟེ་གནས་ལས་ཁུངས་གཉིས་ཀྱིས་བསྒྱུར་བ་ཡིན་པས།  ལྟེ་གནས་སོ་སོས་བསྒྱུར་བའི་བསླབ་གཞི་རུ་ཨ་མདོ་དང་དབུས་གཙང་སོ་སོས་ཕན་ཚུན་མི་གོ་བའི་ཡུལ་སྐད་ཀྱི་ཤན་ཞུགས་ཡོད་པའི་སྒྱུར་སྲོལ་ཉུང་ཤོས་རེ་བྱུང་ཡོད་དེ།  དཔེར་ན།  བོད་ལྗོངས་བསླབ་གཞི་རྩོམ་སྒྱུར་ལྟེ་གནས་ཀྱིས་བསྒྱུར་བའི་བསླབ་གཞི་རུ

       (1) 扎西了三元:བཀྲ་ཤིས་ཀྱིས་སྒོར་གསུམ་གཡར།

       (2) 次仁在纸箱内了六本书:ཚེ་རིང་གིས་ཤོག་སྒམ་ནང་དུ་དཔེ་ཆ་དྲུག་བླུག

       (3) 一根木材的长度为八米:སྡོང་པོ་ཞིག་གི་རིང་ཚད་སྨི་བརྒྱད་ཡིན།

       (4) 阴天 ལ་གནམ་ཐིབས།

       (5) 羹匙 ལ་ཐུར་མ་ཞེས་བསྒྱུར་ཡོད་པ་སོགས་ཨ་མདོའི་ས་ཁུལ་གྱི་ཀློག་པ་པོས་དོན་གསལ་པོར་མི་གོ་པའམ་གོ་ནོར་འབྱུང་སྲིད།  དེ་བཞིན་དུ་མཚོ་སྔོན་མི་རིགས་བསླབ་གཞི་རྩོམ་སྒྱུར་ལྟེ་གནས་ཀྱིས་བསྒྱུར་བའི་བསླབ་གཞི་རུ

       (1) 巴桑从甲地到乙地:པ་སངས་ས་ཆ་ཀ་པ་ནས་ས་ཆ་ཁ་པར་ཐོན།

       (2) 最大的数是888:ཆེས་ཆེ་བའི་གྲངས་ནི 888 ཡིན་ཞེས་བསྒྱུར་ཡོད་པ་སོགས་དབུས་གཙང་ས་ཁུལ་གྱི་ཀློག་པ་པོས་དོན་གསལ་པོར་མི་གོ  རྒྱུ་མཚན་ནི་དབུས་གཙང་ས་ཁུལ་དུ་ཐོན་ཞེས་པ་ནི་ཆས་པའི་དོན་ཡོད་པ་ལས་སླེབས་པའི་དོན་མེད།    ཨ་མདོ་ས་ཁུལ་དུ最好ལ་ཆེས་བཟང་དང་།   最快ལ་ཆེས་མགྱོགས་ཞེས་སྒྱུར་སྲོལ་དང་བཤད་སྲོལ་ཡོད་པ་ལ། དབུས་གཙང་ས་ཁུལ་དུ་最好ལ་བཟང་ཤོས་དང་། 最快ལ་མགྱོགས་ཤོས་ཞེས་སྒྱུར་སྲོལ་དང་བཤད་སྲོལ་ཁོ་ན་ཡོད་པའི་རྐྱེན་གྱིས་ཡིན།  དེར་བརྟེན། མཐོ་འབྲིང་གྲངས་རིག་གི་མིང་ཚིག་སྐོར་ཞིག་སྟེ།

P714最大值:   ཆེས་ཆེ་གྲངས་ཐང་།     P249极大值: ཆེ་ཤོས་གྲངས་ཐང་།

P718最小值:  ཆེས་ཆུང་གྲངས་ཐང་།      P253极小值: ཆུང་ཤོས་གྲངས་ཐང་བཅས་

སྒྱུར་སྲོལ་ལ་དབུས་གཙང་དང་ཨ་མདོའི་བར་གྱི་བརྩོད་གཞི་ཞིག་ཏུ་གྱུར་ཡོད་དོ། །

དྲུག  མཇུག་བསྡུ་བའི་གཏམ།

     གྲངས་རིག་ནི་ང་ཚོའི་བོད་ཀྱི་སྐད་གཉིས་སློབ་ཁྲིད་ཀྱི་སྣ་ཁྲིད་མཁན་དང་།  རང་བྱུང་ཚན་རིག་གི་རྨང་གཞིའི་སྲོག་ཤིང་དུ་གྱུར་བའི་བསླབ་ཚན་ཞིག་ཡིན་པས།  གྲངས་རིག་བསླབ་གཞི་ཡིག་སྒྱུར་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་གལ་ཆེན་ཞིག་རེད།  སྒོས་སུ༼  གྲངས་རིག་ཚིག་མཛོད  ༽དག་བཅོས་དང་ཁ་གསབ། ཚད་ལྡན་ཅན་དུ་བཏང་ནས་དོན་ལྡན་གྱི་ཚད་མར་བཟུང་ཆོག་པའི་ལག་ཆ་ཞིག་ཏུ་བསྒྱུར་རྒྱུ་ནི་ང་ཚོ་གྲངས་རིག་ལས་གཉེར་བྱེད་མཁན་ཚང་མའི་འོས་འགན་ཡིན་ནོ ། །

 

མཆན།

① ནི《རྒྱ་བོད་དབྱིན་གསུམ་ཤན་སྦྱར་གྱི་གྲངས་རིག་ཚིག་མཛོད》ཡིན།

གཙོ་སྒྲིག་རྩ་འཛུགས།  ལྗོངས་ཞིང་ལྔའི་བོད་ཀྱི་སློབ་གསོ་མཉམ་སྒྲུབ་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་།

དཔེ་སྐྲུན་ཁང་།    སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༠༠ལོའི་ཟླ༦པར་ཐེངས་དང་པོ་དཔར།

②《རྒྱ་བོད་དབྱིན་གསུམ་ཤན་སྦྱར་གྱི་གྲངས་རིག་པའི་ཚིག་མཛོད》ཀྱི་ཤོག་ངོས 18.

གཞན་ཚང་མའང་དེ་བཞིན་ཡིན་ནོ། །

དཔྱད་རྩོམ་འདི་བོད་ཀྱི་སློབ་གསོ 2015.5 སྟེང་དུ་བཀོད་ཡོད།

འབྲེལ་གཏུག་ཁ་པར 13997204703

༢༠༡༥ ལོའི་ཟླ་བ་ ༡༢ པའི་ཚེས་ ༢༡ ཉིན།

རྩིས་རིག་ཤེས་བྱའི་སྡོང་པོ་ནས་བརྒྱུད་སྤེལ་བྱས།

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » ༄༅།། ཡང་བསྐྱར་སློབ་གྲྭ་ཆུང་འབྲིང་གི་གྲངས་རིག་བསླབ་གཞིའི་ཁྲོད་དུ་གནས་པའི་གནད་དོན་སྐོར་ལ་རགས་ཙམ་དཔྱད་པ།
མཉམ་སྤྱོད།:
ཡག་པོ་འདུག(8) གསོལ་རས་གནང་བ།

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏