བོད་ཀྱི་ཚབ་རྩིས་མཁས་ཅན་ལོ་ཆུང་བྱིས་པ་ཞིག་དང་ཁོང་གི་མཉམ་བྱ།

བོད་ཀྱི་རྡེལ་རྩིས་སྐོར་མདོར་བསྡུས།

མཁས་དབང་བྱ་རིགས་པ་བློ་བཟང་རྣམ་རྒྱལ་ལགས་ཀྱི་གསུང་རྒྱུན་དང་<ནོར་བྲང་ཨོ་རྒྱན་གྱི་གསུང་རྩོམ་ཕྱོགས་བཏུས>ལྟར་ན། བོད་ཀྱི་རྡེལ་རྩིས་ལ་ལོ་ངོ་ ༢༠༠༠ ལྷག་གི་ལོ་རྒྱུས་ཡོད། ལོ་ངོ་ ༣༠༠ སྔ་རོལ་ཏྰ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐུ་དུས་སུ་མཚན་ལ་ཨནནྟའམ་ཀུན་དགའ་ཞེས་འབོད་པའི་རྩིས་དཔོན་ཞིག་ཡོད་པ་དང་། འཁྲུངས་ཡུལ་ནི་གཙང་འདུས་བྱུང་རྫོང་ (པ་སྣམ་རྫོང་) ནས་ཡིན།

ཐ་སྙད་ཤན་སྦྱར།

ཚབ་རྩིས། 代数 algebra
མཉམ་བྱ། 方程 equation
མ་ཤེས་གྲངས། 未知数 unkowns
དབྱིབས་རྩིས་མ་དེབ། 几何原本 Euclid's Elements
ཡུ་ཁ་ལི་ད། 欧几里得 Euclid
ཏིའུ་ཕན་ཐུ་སི་ 丢番图 Diophantus

དེ་དུས་འདུས་བྱུང་དུ་ཁང་པ་ཐོག་རྩེག་བཞི་ཅན་མིང་ལ་འདུས་བྱུང་སྤེལ་མོ་ཆེ་ཟེར་བའི་ཡང་སྟེང་ན་གཟིམ་ཆུང་སྒྲོན་མ་ལྷ་ཁང་ཞེས་པ་ཞིག་ཡོད་པ་དང་། ཁོང་གིས་གཟིམ་ཆུང་གི་ཞལ་ལའི་སྟེང་དུ་ལོ་མང་པོའི་རིང་ཤུར་རྗེས་ཐོན་ཐོན་རྡེའུ་བཏང་ནས་སྔར་ཡོད་ཀྱི་རྡེལ་རྩིས་ལ་ཞིབ་འཇུག་གནང་མཐར། <འདུས་བྱུང་ཟུར་རྩིས>ཞེས་པ་དང་<རྡེའུའི་རྩིས་གཞུང་སརྒ་བརྒྱད་ལ་དག་ཐེར་བྱས་པ་རབ་སྦྱངས་གསེར་གྱི་མེ་ལོང>ཞེས་པ་བརྩམས་གནང་བ་རེད།

ཀུན་དགའ་ལགས་ཀྱིས་བོད་ཀྱི་སྔར་ཡོད་རྡེལ་རྩིས་ཀྱི་རྒྱུ་ཆ་རྣམས་ལ་ཞིབ་འཇུག་གནང་ནས་མཐར་རྡེལ་རྩིས་ཀྱི་རིག་པའི་གཞུང་ལུགས་གཏན་ལ་ཕབ། ཁོང་ནི་ལོ་རྒྱུས་ལས་དངོས་སུ་མཐོང་ཐུབ་པའི་གྲགས་ཅན་གྱི་རྩིས་རིག་མཁས་པ་ཞིག་ཡིན།

གྷི་རིག་གི་གྲགས་ཅན་གྲངས་རིག་མཁས་པ་ཡུ་ཁ་ལི་ད་(Euclid) ཡིས་སྔར་གྱི་གྲངས་རིག་མཁས་དབང་མང་པོའི་བསམ་བློ་མི་འདྲ་བ་དང་ཤེས་བྱ་མི་འདྲ་བ་རྣམས་ལ་ཞིབ་འཇུག་གནང་མཐར་<དབྱིབས་རྩིས་མ་དེབ>ཞེས་པར་གྲངས་རིག་གཞུང་ལུགས་གཏན་ལ་ཕབ། དེ་ནི་དེང་དུས་གྲངས་རིག་ལོ་རྒྱུས་ཐོག་གྲགས་ཅན་གྱི་དཔེ་དེབ་ཞིག་ཡིན། ཀུན་དགའ་ལགས་དང་ཡུ་ཁ་ལི་ད་གཉིས་ཀྱིས་མིའི་རིགས་ཀྱི་རྩིས་རིག་ལ་ལོ་རྒྱུས་རང་བཞིན་ལྡན་པའི་བྱས་རྗེས་ཆེན་པོ་བཞག།

བོད་ཀྱི་ཚབ་རྩིས་མཁས་ཅན་ལོ་ཆུང་བྱིས་པ་ཞིག།

རྩིས་རིག་མཁས་པ་ཀུན་དགའ་ལགས་ནི་ཚང་མས་ལོ་རྒྱུས་ལས་ཤེས་གསལ་རེད། འོན་ཀྱང་ལོ་རྒྱུས་སུ་དངོས་སུ་མངོན་རྒྱུ་མེད་(ང་རང་གི་ཤེས་རྒྱ་ལྟར་ན)ཀྱང་ཁོང་དང་འདྲ་བའི་རྩིས་རིག་མཁས་པ་གཞན་ཞིག་ཡོད། ཁོང་གི་མཚན་ལ་ཇི་ལྟར་འབོད་པ་ངས་ཀྱང་མ་ཤེས། བློ་ཡུལ་ལས་འདས་པ་ཞིག་ལ་ཁོང་རྩིས་རིག་ལ་ཤིན་ཏུ་མཁས་པ་ཡིན་དུས་ཁོང་ནི་བྱིས་པ་ཞིག་རེད་འདུག།

མཁས་དབང་བྱ་རིགས་པ་བློ་བཟང་རྣམ་རྒྱལ་ལགས་ཀྱི་གསུང་རྒྱུན་ལྟར་ན། སྔོན་ཡུལ་རྒྱལ་རྩེ་ན་ཁྱིམ་ཚང་ཞིག་ཡོད་པ་དང་ཁྱིམ་དེར་ཨ་མ་དང་བློ་རིག་ཤིན་ཏུ་བཀྲ་བའི་བྱིས་པ་ཞིག་ཡོད། ཉིན་ཞིག་གི་ཞོགས་པ་ཁྱིམ་གྱི་ཐོག་ཁར་འབྲུ་བཀྲམ་ཡོད་པ་དང་ཨ་མ་ཕྱིར་འགྲོ་དགོས་པས། ཨ་མས་བུ་ལ་བྱ་བྱིའུ་བསྲུང་དགོས་པའི་མངག་ཆ་བྱས།

ཉིན་གུང་ཨ་མ་ཁྱིམ་དུ་ལོག་པ་དང་ཐོག་ཁར་སོང་ནས་བལྟ་དུས་འབྲུ་ལ་བྱ་བྱིའུ་མང་པོ་བབས་ཡོད་པ་མཐོང་བ་དང་། བུ་ནི་ཉེ་འགྲམ་དུ་བྱ་བྱིའུ་དེ་དག་ལ་མིག་བལྟ་བཞིན་གནད་དོན་ཞིག་ལ་སྣང་བ་གཡེང་བ་ལྟར་དུ་ཡོད་པས། ཨ་མས་བུ་ལ་བཤད་དོན། ཁྱོད་ཀྱིས་གང་བྱས་ནས་བསྡད་པ་ཡིན་ནམ། ད་ལྟོས་དང་འབྲུ་ལས་བྱ་བྱིའུ་བརྒྱ་ཐམ་པ་གནམ་ལ་འཕུར་མ་སོང་ངམ།

བློ་རིག་བཀྲ་བའི་བུ་ཆུང་དེས་རང་གི་བརྗོད་བྱའི་ཚིག་རྣམས་དབྱངས་ཀྱི་རྟ་ལ་བསྐྱོན་ནས་གླུ་འདི་འདྲ་ཞིག་བླངས་སོ།

གླུ་ཚིག་ནི། 

ཨ་མ་ཨ་མ། བྱ་བརྒྱ་གནམ་ལ་འཕུར་བ་ལ། ད་དུང་འདི་ག་ཙམ་ཞིག་དགོས་ཀྱི་འདུག། འདིའི་ཕྱེད་ཀ་ཙམ་ཞིག་དགོས་ཀྱི་འདུག། ཕྱེད་ཀའི་ཕྱེད་ཀ་ཙམ་ཞིག་དགོས་ཀྱི་འདུག། ཁྱིམ་བྱ་དེ་ཕོ་གཅིག་ཀྱང་དགོས་ཀྱི་འདུག། ཁྱིམ་བྱ་དེ་ཕོ་གཅིག་དང་བྱས་བརྒྱ་ཐམ་པ་ཡ་ནི་བྱུང་ལགས།

ཚབ་རྩིས་དང་མཉམ་བྱ་འགྲོལ་བར་མཁས་པའི་བུ་ཆུང་དེས་དངོས་སུ་བབས་པའི་བྱའི་ཁ་གྲངས་དེ་ཐད་ཀར་ཨ་མར་མ་བཤད་པར། མ་ཤེས་པའི་གྲངས་དེ་གབ་པའམ་གསང་བའི་ཚུལ་གྱིས་དེ་དང་ཨ་མས་བཤད་པའི་བརྒྱ་ཐམ་པའི་འབྲེལ་བ་དེ་གླུ་ནས་བླངས་པའོ།

དོན་དངོས་སུ་འབྲེལ་བ་དེ་ནི་དེང་དུས་རྩིས་རིག་གི་མཉམ་བྱ་ཞེས་པ་དེ་ཡིན་པ་དང་། གསང་བའི་ཁ་གྲངས་དེ་ནི་མ་ཤེས་པའི་གྲངས་ཡིན་ཏེ་ཨ་མས་དེ་ཤེས་དགོས་ན་ངེས་པར་དུ་མཉམ་བྱ་དེ་བཀྲོལ་དགོས་པ་ཡིན།

བུ་ཆུང་དེ་ནི་དངོས་གནས་ཚབ་རྩིས་ལ་ཤིན་ཏུ་ནས་མཁས་པ་ཞིག་རེད་འདུག། ཕལ་ཆེར་ཁོང་ནི་བོད་ཀྱི་ལོ་ཆུང་ཤོས་ཀྱི་རྩིས་རིག་མཁས་པ་ཞིག་ཡིན།

རྡེལ་རྩིས་ནི་ལུས་ངག་ཡིད་གསུམ་གྱིས་རྒྱག་དགོས་པ་ཞིག་རེད། ཁ་ནས་རྡེལ་སྐད་འདོན་བཞིན་ལག་གིས་རྡེལ་གཏོང་བ་དང་སེམས་སུ་རྩིས་རྒྱག་དགོས། དེང་དུས་རྩིས་དང་བསྡུར་ན་དེ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད། ང་རང་ནི་དེའི་ལུས་ངག་ཡིད་གསུམ་གྱི་ཁྱད་ཆོས་ལ་དབང་མེད་དུ་སེམས་པ་ཤོར་སོང་། གལ་ཏེ་ང་ཚོས་སློབ་ཆུང་རྩིས་རིག་གི་སློབ་ཁྲིད་དུ་དེ་ལྟ་བུའི་བསལ་བློ་དང་ཐབས་ཤེས་ལུགས་མཐུན་གྱིས་བེད་སྤྱད་ན་དགེ་སློབ་གཉིས་ཀའི་ཆ་ནས་ཕན་འབྲས་ཆེན་པོ་ཐོན་ཐུབ་སྙམ།

རྡེལ་སྐད་ནི་རྡེལ་རྩིས་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན། འོ་ན་རྡེལ་སྐད་དེ་ཇི་ལྟར་དར་བ་ཞིག་ཡིན་ནམ་ཟེར་ན། མཁས་དབང་བྱ་རིགས་པ་བློ་བཟང་རྣམ་རྒྱལ་ལགས་ཀྱི་གསུང་རྒྱུན་ལྟར་ན། རྡེལ་སྐད་ནི་གོང་གི་རྒྱལ་རྩེའི་བུ་ཆུང་དེས་རང་གི་ཨ་མར་བླངས་པའི་གླུ་དེ་ནས་དར་བ་ཞིག་རེད་ཅེས་པའི་བཤད་རྒྱུན་འདུག་ཟེར། དེ་ལྟར་ན་བུ་ཆུང་དེས་རྡེལ་རྩིས་གཞུང་ལུགས་ཀྱི་འཕེལ་རྒྱས་ལའང་ལེགས་སྐྱེས་ཆེན་པོ་ཞིག་ཕུལ་འདུག།

ཏིའུ་ཕན་ཐུ་སིའི་སྐོར་གྱི་མཉམ་བྱ་ཞིག།

ཏིའུ་ཕན་ཐུ་སི་ (Diophantus) ནི་གྷི་རིག་གི་རྩིས་རིག་མཁས་པ་ཞིག་ཡིན་པ་དང་ཚབ་རྩིས་ཀྱི་སྲོལ་འབྱེད་པ་ཡིན་ཞེས་ཟེར་གྱི་ཡོད། མ་གཞི་མི་ཚོས་ཁོང་གི་ལོ་རྒྱུས་སྐོར་ཤེས་པ་ཉུང་ཉུང་ཡིན་ན་ཡང་ཁོང་གི་ལོ་གྲངས་ནི་གསལ་པོར་ཤེས་ཀྱི་ཡོད།

དེ་ཡང་ཁོང་གི་རྗེས་འབྲང་པ་ཞིག་གིས་ཁོང་གི་ལོ་གྲངས་དེ་ཚབ་རྩིས་ཀྱི་མཉམ་བྱའི་ནང་དུ་གབ་པའམ་གསང་བའི་ཚུལ་གྱིས་གསལ་བཤད་བྱས་ཡོད། གལ་ཏེ་ང་ཚོས་ཁོང་གི་ལོ་གྲངས་ཤེས་འདོད་ན་ངེས་པར་དུ་རྗེས་འབྲང་པ་དེས་བཤད་པའི་གབ་ཚིག་གིས་མཚོན་པའི་མཉམ་བྱ་དེ་འགྲོལ་ཐུབ་པ་དགོས།

གབ་ཚིག་ནི་འདི་ལྟར།

གཞོན་ནུའི་དུས་ནི་མི་ཚེའི་དྲུག་ཆ་གཅིག། སྨ་ར་སྐྱེས་དུས་བཅུ་གཉིས་ཆ་གཅིག་སོང་།

གཉེན་སྒྲིག་བྱེད་དུས་བདུན་ཆ་གཅིག་ལ་སོན། དེ་ནས་ལོ་ལྔ་རྗེས་སུ་བུ་ཞིག་སྐྱེས།

བུ་ཡི་མི་ཚེ་ཕ་ཡི་ཕྱེད་ཀ་ཙམ། བུ་འདས་ལོ་བཞི་རྗེས་སུ་ཕ་ཡང་འདས།

གསལ་བཤད།

མ་གཞི་བྱས་ན་བོད་ཀྱི་རྩིས་རིག་མཁས་པ་ལོ་ཆུང་བྱིས་པ་དེར་འདྲ་པར་ཞིག་རྙེད་རྒྱུ་མེད། འོན་ཀྱང་ང་རང་ཁོང་ལ་དགའ་དྲགས་ནས་བློ་ལ་འགྲོ་བའི་འདྲ་པར་གཉིས་འདིར་མཚམས་སྦྱོར་བྱས་པའོ།

༢༠༡༥ ལོའི་ཟླ་བ་ ༡༡ པའི་ཚེས་ ༤ ཉིན།

ལྷག་པ་ཚེ་རིང་གིས་རྩོམ་སྒྲིག་བྱས།

བོད་ལྗོངས་སློབ་གྲྭ་ཆེན་མོ་རྩིས་རིག་ཚན་ཁག།

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » བོད་ཀྱི་ཚབ་རྩིས་མཁས་ཅན་ལོ་ཆུང་བྱིས་པ་ཞིག་དང་ཁོང་གི་མཉམ་བྱ།
མཉམ་སྤྱོད།:
ཡག་པོ་འདུག(5) གསོལ་རས་གནང་བ།

དཔྱད་མཆན།5

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།
  1. #2

    དེ་རང་ཉིད་ཆུང་དུས་སུ་ཨ་མ་ལགས་ཀྱིས་གསུང་མྱོང་ཡོད། འོན་ཀྱང་ད་བར་ཡིག་ཐོག་ནས་མཐོང་མ་མྱོང་ཉིད་ནས་རྩོམ་སྒྲིག་གནང་བར་ཐུགས་རྗེ།

    མེ་ཏོག2015-11-04 11:56:31ལན་འདེབས།
    • བཀའ་དྲིན་ཆེ། ཁྱེད་ཀྱི་ཨ་མ་ལགས་ཀྱིས་གསུངས་པ་དེ་དྲན་གསོ་ཞིག་གནང་ནས་འདིར་ཅིག་གསུང་རོགས་གནང་།

      རྩིས་རིག་ཤེས་བྱའི་སྡོང་པོ།2015-11-06 11:39:43ལན་འདེབས།
  2. #1
    འདུས་བྱུང་ཟུར་རྩིས་དང་རབ་སྦྱངས་གསེར་གྱི་མེ་ལོང་གཉིས་གང་དུ་པར་བསྐྲུན་བྱས་ཡོད་པ་ཁ་གསལ་ཞིག་གསུངས་རོགས།
    ཤེས་རབ།2017-05-01 22:46:26ལན་འདེབས།
    • ངས་ཁྱེད་ཀྱི་དྲི་བར་ལན་འདེབས་ཐུབ་མ་སོང་། དགོངས་འགལ་མེད་པ་ཞུ། དེ་སྔོན་ང་རང་མཁས་དབང་བྱ་རིགས་པ་བློ་བཟང་རྣམ་རྒྱལ་ལགས་ཀྱི་རྡེལ་རྩིས་སློབ་ཁྲིད་ཉན་སྐབས་ཁོང་གིས་གསུངས་པ་དང་དེ་བཞིན <ནོར་བྲང་ཨོ་རྒྱན་གྱི་གསུང་རྩོམ་ཕྱོགས་བཏུས> ལ་དཔྱད་གཞི་བྱས་པ་ལས་དེ་ལྟར་བཤད་པ་ཡིན། དེབ་དེ་གཉིས་ཀྱི་སྐོར་ཞིབ་ཕྲ་ངས་མི་ཤེས། རྩོམ་ཡིག་འདིར་གཙོ་བོར་ལོ་རྒྱུས་སུ་དངོས་སུ་བྱུང་བའི་བོད་ཀྱི་ལོ་ཆུང་རྩིས་རིག་མཁས་པ་དེ་ངོ་སྤྲོད་བྱས་ཡོད།
      རྩིས་རིག་ཤེས་བྱའི་སྡོང་པོ།2017-05-02 10:45:29ལན་འདེབས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏