གྲངས་རིག་དགེ་རྒན་ཆེན་མོ་བ་གུ་རུ་སྐྱིད།

གུ་རུ་སྐྱིད་ལགས་ནི་ཨ་མདོ་རེབ་གོང་འཇའ་མོ་སྡེ་བ་རུ་ ༡༩༦༣ ལོར་འཁྲུངས། དགེ་བའི་བཤེས་གཉེན་འཇའ་མོ་ཨ་ཁུ་ཚང་དང་ཕ་དམ་པ་གཉིས་ཀྱི་ཐུགས་རྗེ་དང་སྐུལ་ལྕག་འོག་འཚར་ལོངས་བྱུང་།

སློབ་གྲྭ་ཆེ་མ་ཆུང་གསུམ་ཐམས་ཅད་འགྲིམས་པའི་སྐལ་བཟང་ཐོབ། ད་ལྟ་ཁོ་མོ་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གྲངས་རིག་དང་རྩིས་འཁོར་ཚན་རིག་སློབ་གླིང་གི་གྲངས་རིག་དགེ་རྒན་ཆེན་མོ་བ་ཞིག་ཡིན། ཁོ་མོས་སློབ་གྲྭ་ཆེན་མོ་དེར་མི་ལོ་སུམ་ཅུའི་རིང་ལ་གྲངས་རིག་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གནང་སྟེ་མདོ་དབུས་ཁམས་གསུམ་གྱི་བོད་རིགས་སློབ་མ་གཙོ་བྱས་པའི་མི་རིགས་གཞན་དག་གི་སློབ་མ་རབ་དང་རིམ་པ་བསྐྱངས་དང་སྐྱོང་བཞིན་ཡོད།།

སློབ་ཁྲིད།

སློབ་ཁྲིད་སྐོར་ལ་ཁོ་མོས་གཙོ་བོ་《གྲངས་རིག་དབྱེ་ཞིབ》དང་། 《གྲངས་རིག་ལོ་རྒྱུས》《གྲངས་རིག་སློབ་ཁྲིད་གཞུང་ལུགས》《ཚོ་འགྱུར་རྟེན་འབྱུང་གྲངས》《ཕྲན་ཆ་བསགས》སོགས་ཀྱི་སློབ་ཁྲིད་འགན་འཁུར་གནང་ཞིང་། བོད་རྩིས་འཛིན་གྲྭར་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་གྲངས་རིག་དཔེ་ཁྲིད་གནང་བ་དང་། དེ་མིན་འཛིན་གྲྭར་རྒྱ་སྐད་ཀྱི་ལམ་ནས་གྲངས་རིག་དཔེ་ཁྲིད་གནང་གི་ཡོད།།

ཚན་རིག་ཞིབ་འཇུག།

སྔ་ཕྱིར་རྒྱལ་ནང་རིག་གཞུང་དུས་དེབ་སྣ་ཚོགས་ཐོག་ཆེད་ལས་སྐོར་གྱི་དཔྱད་རྩོམ་ ༤༥ ལྷག་འདོན་སྤེལ་བྱས་ཤིང་། རང་རྐྱའམ་ཡང་ན་མཉམ་འབྲེལ་བྱས་ནས་དཔེ་དེབ་ ༦ པར་བསྐྲུན་བྱས། ཁྱད་པར་དུ་ཚན་རིག་ཞིབ་འཇུག་ཐད་ལ་རྒྱལ་ཁབ་རིམ་པའི་ལས་གཞི་གཉེར་དང་གཉེར་བཞིན་པ་ནི། ༢༠༠༦ ལོའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་མ་དངུལ་གྱི་ལས་གཞི་《བོད་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་གྲངས་རིག་བསམ་བློ་ཞིབ་འཇུག》དང་། ༢༠༡༣ ལོའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་མ་དངུལ་གྱི་ལས་གཞི་《བོད་སྲོལ་རྒྱུན་ཚན་རིག་ལག་རྩལ་ལོ་རྒྱུས་ཞིབ་འཇུག》ཡིན་ཞིང་། ཁོ་མོ་ནི་ལས་གཞི་དེ་གཉིས་ཀྱི་དབུ་འཛིན་པ་ཡིན། ལས་གཞི་དེ་གཉིས་ཀྱི་ཨང་རྟགས་ནི་སོ་སོར་ 06BZX029 དང་ 13BZX032 ཡིན། དེས་མ་ཟད་ཁོ་མོ་ད་དུང་རྒྱལ་ཁབ་རིམ་པའི་ལས་གཞི་གཞན་དག་སྣ་བཞིར་ཞུགས་ཡོད་པ་དང་། སློབ་གྲྭ་རིམ་པའི་སློབ་ཁྲིད་བཅོས་བསྒྱུར་ལས་གཞི་ལ་སོགས་པའི་མགོ་འཛིན་བྱས། གཞན་རྒྱལ་ཡོངས་རང་བཞིན་གྱི་རིག་གཞུང་བགྲོ་གླེང་དང་འཛམ་གླིང་བོད་རིག་པའི་རིག་གཞུང་བགྲོ་གླེང་ལའང་ཞུགས་དང་ཞུགས་མུས་ཡིན།།

རིག་གནས་བཅར་འདྲི།

སྤྱི་ལོ་ ༢༠༠༥ ལོར། ཨ་མི་རི་ཁའི་མོན་ཐ་ནཱ་སློབ་གྲྭ་ཆེན་མོའི་གྲངས་རིག་ཚན་རིག་སྡེ་ཁག་ནང་དུ་གྲངས་རིག་ཐད་ཀྱི་བཅར་འདྲི་གནང་མྱོང་།།

 བྱ་དགའ།

ཁོང་ལ་ཀན་སུའུ་ཞིང་ཆེན་སྤྱི་ཚོགས་ཚན་རིག་གྲུབ་འབྲས་བྱ་དགའ་ཨང་གཉིས་པ་དང་། ཀན་སུའུ་ཞིང་ཆེན་སློབ་ཁྲིད་གྲུབ་འབྲས་ཨང་གཉིས་པ། སློབ་གྲྭ་རིམ་པའི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་གང་མང་། སློབ་གྲྭའི་ན་གཞོན་རྐང་འཛིན་དགེ་རྒན་ཁྱད་འཕགས་ཅན། སྐད་གཉིས་སློབ་གསོ་སྔོན་ཐོན་བྱ་བ་ལས་མཁན། སྔོན་ཐོན"གསུམ་སྐྱོང་མཁན"བཅས་ཀྱི་བྱ་དགའ་ཐོབ་མྱོང་།།

སྤྱི་ཚོགས་དང་བླངས།

ཁོང་ནི་རྒྱལ་ཡོངས་གྲངས་རིག་ལོ་རྒྱུས་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་མི་དང་སྐབས་དགུ་པའི་རྒྱལ་ཡོངས་གྲངས་རིག་ལོ་རྒྱུས་རིག་གཞུང་ལྷན་ཚོགས་ཀྱི་ལས་འཛིན་དང་། ཀན་སུའུ་ཞིང་ཆེན་མཐོ་རིམ་གྲངས་རིག་སློབ་གསོ་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་མི་ཡིན་པ་དང་།  ཁོང་གིས་ད་དུང་ཀན་སུའུ་མི་རིགས་དགེ་ཐོན་སློབ་གླིང་གི་གཅིག་ལྕོགས་དགེ་རྒན་ཆེན་མོ་བའི་འགན་བཞེས་ཡོད།

སྤྱི་ལོ་ ༢༠༡༤ ལོར། མི་རིགས་དཔེ་སྐྲུན་ཁང་གིས་ཁོ་མོའི་བརྩམས་དེབ《བོད་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་གྲངས་རིག་བསམ་བློ། ཐབས་ལམ་དང་བེད་སྤྱོད་གསེར་གྱི་སྙེ་མ》ཞེས་པ་དེ་པར་བསྐྲུན་བྱས། དཔེ་དེབ་དེས་བོད་རིག་པ་སྡེ་ཡི་ཞིབ་འཇུག་ཁྱབ་ཁོངས་རྒྱ་ཆེར་བསྐྱེད་ཡོད། དཔེ་དེབ་དེར་ ༢༠༡༥ ལོའི་ཟླ་ ༩ ཚེས་ ༨ ཉིན་ཀན་སུའུ་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱིས་ཚན་རིག་ལག་རྩལ་ཐད་ཀྱི་བྱ་དགའ་ཨང་གསུམ་པ་གནང་ངོ་།།

རྩིས་རིག་ཤེས་བྱའི་སྡོང་པོ་ནས།

༢༠༡༥ ལོའོ་ཟླ་བ་ ༡༠ པའི་ཚེས་ ༢༣ ཉིན།

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » གྲངས་རིག་དགེ་རྒན་ཆེན་མོ་བ་གུ་རུ་སྐྱིད།
མཉམ་སྤྱོད།:
ཡག་པོ་འདུག(0) གསོལ་རས་གནང་བ།

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏