ཕྱོགས་ཚད་དང་ཕྱོགས་ཚད་བར་སྟོང་།

ཡང་སྙིང་ཁྱེད་རང་གང་ན་ཡོད། ཞེས་པ་ལས་ཚེག་གང་རུང་ཞིག་གི་གནས་ས་དེ་མ་ཚེག་ལ་ལྟོས་ནས་གསལ་བཤད་བྱེད་ཐུབ་པ་བསྟན་ཡོད།

ཕྱོགས་ཚད།

གལ་ཏེ་ང་ཚོས་ཕྱོགས་གཞན་ཞིག་ནས་བལྟས་ན་ཚེག་གི་གནས་ས་གསལ་བཤད་བྱེད་པར་ངེས་པར་དུ་ཆ་རྐྱེན་གཉིས་ཚང་དགོས། གཅིག་ནི་ཚེག་དེ་མ་ཚེག་ནས་ཁ་ཕྱོགས་ག་པར་ཡོད་པ་དང་། ཅིག་ཤོས་ནི་ཚེག་དེ་མ་ཚེག་ནས་རིང་ཚད་ག་ཚོད་སར་ཡོད་པ་དེ་ཡིན།

དཔེར་ན། ཚེག་ p ཡི་གནས་ས་དེ་གཅིག་ནས་མ་ཚེག་ནས་ཐོན་པའི་མདའ་དམར་པོས་མཚོན་པའི་ཁ་ཕྱོགས་སུ་ཡོད་པ་དང་། གཉིས་ནས་མ་ཚེག་ནས་མདའ་དམར་པོའི་མདའ་རྩེ་བར་གྱི་རིང་ཚད་སར་ཡོད། དེ་ལྟར་ཚེག་ p ཡི་གནས་ས་དེ་ནི་ཁ་ཕྱོགས་དང་རིང་ཚད་གཉིས་ཀ་ལྡན་པའི་མདའ་དམར་པོ་དེས་མཚོན་ཐུབ། དེ་ལྟ་བུའི་མདའ་ལ་རྒྱུན་དུ་ང་ཚོས་ཚིག་བསྡུས་པའི་ཚུལ་གྱིས་ཕྱོགས་ཚད་ཅེས་ཟེར། ཕྱོགས་ཚད་དེ་གལ་ཏེ་ v ཡིས་མཚོན་ན། གནས་ཚད་མ་ལག་ཏུ་དེར་སྐྱོད་སྟངས་གཞན་ཞིག་ཡོད་དེ། སྔོན་ལ་གཡས་ཕྱོགས་སུ་རིང་ཚད་ལ་ a བསྐྱོད་པ་དང་། དེ་ནས་སྟེང་ཕྱོགས་སུ་རིང་ཚད་ལ་ b བསྐྱོད་པ་དང་མཚུངས། དེ་ཡང་ v = [a,b] ཡིན། དེ་ལྟར་ཚེག་གི་གནས་ས་དང་དེ་མཚོན་པའི་ཕྱོགས་ཚད་གཉིས་ནི་ཕན་ཚུན་ཟུང་དུ་ཡོད་པ་དང་སྐབས་རེ་དེ་གཉིས་དོན་གཅིག་ཏུའང་ངོས་འཛིན་བྱེད་ཀྱི་ཡོད། དཔེར་ན་ཚེག་ p = (a,b) དང་ཕྱོགས་ཚད་ v = [a,b] གཉིས་ཀས་ཚེག་ p ཡི་གནས་ས་དེ་ཁོ་ན་མཚོན་པས་དོན་གཅིག་གི་མཚོན་སྟངས་མི་འདྲ་བ་གཉིས་ཡིན་ནོ།

ཆ་རྐྱེན་དེ་གཉིས་ལས་ཁ་ཕྱོགས་ཁོ་ན་ཤེས་པས་མི་འགྲིག དཔེ་རིས་སུ་མ་ཚེག་ནས་ཐོན་པའི་དྲང་ཐིག་སྔོན་པོ་དེའི་ཁ་ཕྱོགས་ནི་གཅིག་རང་ཡིན། འོན་ཀྱང་དེའི་སྟེང་དུ་ཚེག་ནི་གྲངས་ལས་འདས་པ་ཞིག་ཡོད་པས་ཁ་ཕྱོགས་དེས་ཡང་སྙིང་ཚེག་གང་ཞིག་གཏན་ཁེལ་བྱས་པ་གསལ་བཤད་བྱེད་མི་ཐུབ། དེ་བཞིན་དུ་མ་ཚེག་ནས་ཐོན་པའི་རིང་ཚད་ཁོ་ན་ཤེས་པས་ཡང་མི་འགྲིག། དཔེ་རིས་སུ་རིང་ཚད་ལ་ 5 ཡིན་པའི་ཚེག་གྲངས་ལས་འདས་པ་ཡོད་པ་དང་། དེ་དག་གིས་སྒོར་དབྱིབས་ཤིག་གྲུབ་ཡོད། དེ་ལྟར་རིང་ཚད་ཁོ་ནས་ཀྱང་ཚེག་གི་གནས་ས་གཏན་ཁེལ་བྱེད་ཐབས་བྲལ།

ཕྱོགས་ཚད་བར་སྟོང་།

སྙོམས་ངོས་ནི་དོན་དངོས་སུ་དེའི་ནང་གི་ཚེག་ཡོངས་སམ་ཡང་ན་མ་ཚེག་ནས་ཐོན་པའི་ཕྱོགས་ཚད་ཡོངས་ཀྱིས་གྲུབ་པ་ཞིག་ཡིན། དེར་བརྟེན་སྙོམས་ངོས་ལ་སྐབས་རེ་ཕྱོགས་ཚད་སྙོམས་ངོས་ཀྱང་ཟེར། ཕྱོགས་ཚད་ཞིག་མཚོན་པར་བྱེད་པར་ངེས་པར་དུ་རྩ་བའི་ཁ་ཕྱོགས་སྟོན་པའི་དྲང་ཐིག་གཉིས་དགོས་ཀྱི་ཡོད། དེར་བརྟེན་སྙོམས་ངོས་ལ་རྩ་གཉིས་ཕྱོགས་ཚད་བར་སྟོང་ཡང་ཟེར།

རྩ་གསུམ་བར་སྟོང་ཡང་ཕྱོགས་ཚད་ཀྱིས་གྲུབ་པས་དེ་ཡང་ཕྱོགས་ཚད་བར་སྟོང་ཞིག་ཡིན།

 

 

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » ཕྱོགས་ཚད་དང་ཕྱོགས་ཚད་བར་སྟོང་།
མཉམ་སྤྱོད།:
ཡག་པོ་འདུག(6) གསོལ་རས་གནང་བ།

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏