དགུ་མཐའ།

ཆུང་དུས་ངས་བློ་འཛིན་བྱས་པའི་སྒྱུར་རྩིས་རེའུ་མིག་གི་མཐའ་ནི་དགུ་ཡིན་ཞིང་དེའི་མིང་ལ་དགུ་མཐའ་ཟེར།

དགུ་མཐའ་ནི་སྡོམ་འཐེན་སྒྱུར་བགོས་ཚང་མ་དང་འབྲེལ་བ་དམ་ཟབ་ཡོད་པས་དེ་མི་ཚང་མའི་བློ་ལ་ཆུ་རྒྱུག་པ་ལྟར་འཛིན་དགོས་པ་ཞིག་ཡིན། མི་མང་ཆེ་བའི་ངོས་ནས་བཤད་ན་ཧྲིལ་གྲངས་ཀྱི་སྡོམ་འཐེན་སྒྱུར་བགོས་བཞི་ལ་སྐྱོན་མེད་པ་ཞིག་ཡོད་ན་ད་གཟོད་འཚོ་བའི་ཁྲོད་ཀྱི་གནད་དོན་མང་པོ་ཞིག་ཐག་ཆོད་ཐུབ། མ་གཞི་རྩིས་རིག་ནི་གནས་ལུགས་རྒྱུ་མཚན་དང་བཅས་ཏེ་རྒྱུ་འབྲས་རིགས་པས་འདེད་པའི་ངང་ནས་བརྡར་ཤ་གཅོད་དགོས་པ་ཞིག་ཡིན་པ་མ་གཏོགས་གང་བྱུང་དུ་སྟབས་བདེའི་བློ་འཛིན་བྱ་བ་ནི་རྩིས་རིག་བསྟན་པའི་དགྲ་རང་ཡིན། འོན་ཀྱང་དགུ་མཐའ་ལྟ་བུ་ནི་དམིགས་བསལ་ཞིག་ཡིན། ང་ཚོས་དེའི་ནང་དོན་རྣམས་ཤེས་པའི་ཐོག་ནས་བློ་འཛིན་ཡག་པོ་ཞིག་བྱ་དགོས་པ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན། དེ་ཡང་དགུ་མཐའ་ནི་ཁྱེད་ཀྱི་མི་ཚེ་གང་པོར་སྤྱོད་དགོས་པ་ཞིག་ཡིན།

དེང་གི་དུས་སུ་ལྷ་ས་ལྟ་བུ་བོད་ཀྱི་གྲོང་ཁྱེར་དང་རྫོང་གྲོང་མང་པོ་ཞིག་ཏུ་སློབ་མ་རྣམས་ཀྱིས་རྒྱ་སྐད་ནས་དགུ་མཐའ་སྐྱོར་བཞིན་འདུག། ངས་བལྟས་ན་དེ་ནི་ཚེ་གང་རིང་གི་གྱོང་གུན་ཆེན་པོ་ཞིག་ཡིན། བརྟག་དཔྱད་རྒྱ་ཆེན་པོ་བྱ་མི་དགོས་པ་དང་རྒྱུ་མཚན་རྒྱ་ཆེན་པོ་བཤད་མི་དགོས་པར་ སྟབས་བདེའི་སྡུར་བ་ཞིག་གཏང་ན་འགྲིག། དེ་ཡང་ང་རང་གིས་ནི་ལོ་ངོ་སུམ་ཅུའི་གོང་དུ་ཕ་ཡུལ་རྒྱལ་རྩེའི་ལྕང་ར་སློབ་ཆུང་ནས་དགུ་མཐའ་བློ་འཛིན་བྱས་པ་ཞིག་ཡིན་པ་དང་ད་ལྟའི་ཆར་ཡང་སྐྱོན་མེད་པར་སྐྱོར་ཐུབ་ཀྱི་ཡོད། ང་རང་གི་བུ་མོས་ནི་ལོ་གསུམ་གྱི་སྔོན་དུ་ལྷ་ས་ཚོད་ལྟའི་སློབ་ཆུང་སྐབས་བློ་འཛིན་བྱས་པ་ཞིག་ཡིན་ན་ཡང་ད་ཆ་མང་པོ་ཞིག་བློ་ལ་མི་འདུག་པས་ཁ་པར་ནང་གི་རྩིས་ཆས་ལ་སྐྱབས་བཅོལ་གྱི་འདུག། གལ་ཏེ་ཉིན་ཞིག་གློག་མེད་པ་སོགས་ཀྱི་གནས་ཚུལ་འདྲ་བྱུང་ན་ད་ཅི་བྱ། ད་དུང་དེས་རྐྱེན་པས་མུ་མཐུད་ཀྱི་རྩིས་རིག་སློབ་སྦྱོང་ལ་དཀའ་ངལ་ཇི་ལྟར་འཕྲད་སྲིད་པ་སུས་ཤེས།

དེས་ན་ང་ཚོས་བཅུ་མཐའ་དང་བཅུ་གཉིས་མཐའ་ལྟ་བུ་བློ་འཛིན་བྱེད་མི་ཐུབ་ཀྱང་བོད་རང་ཉིད་ལ་སྔ་མོ་ནས་ཡོད་བཞག་པའི་དགུ་མཐའ་དེ་ངེས་པར་དུ་བོད་སྐད་ལམ་ནས་ཆུ་རྒྱུག་པ་བཞིན་བློ་འཛིན་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན།

ཡུལ་ལུང་སོ་སོར་དགུ་མཐའི་སྐྱོར་སྟངས་ལ་ཅུང་མི་འདྲ་བ་ཡོད་སྲིད། འདིར་ http://zw.tibet.cn ལས་དགུ་མཐའ་ཞིག་བརྒྱུད་སྤེལ་བྱས་ཡོད།

དགུ་གཅིག་གཅིག་དགུ་དགུ་རང་ལ། ། དགུ་གཉིས་གཉིས་དགུ་བཅོ་བརྒྱད་ཡིན། །

དགུ་གསུམ་གསུམ་དགུ་ཉི་ཤུ་བདུན། ། དགུ་བཞི་བཞི་དགུ་སུམ་ཅུ་དྲུག །

དགུ་ལྔ་ལྔ་དགུ་བཞི་བཅུ་ལྔ། ། དགུ་དྲུག་དྲུག་དགུ་ལྔ་བཅུ་བཞི། །

དགུ་བདུན་བདུན་དགུ་དྲུག་ཅུ་གསུམ། ། དགུ་བརྒྱད་བརྒྱད་དགུ་བདུན་ཅུ་གཉིས། །

དགུ་དགུ་བརྒྱད་ཅུ་གྱ་གཅིག་གོ། ། བརྒྱད་གཅིག་གཅིག་བརྒྱད་བརྒྱད་རང་ལ། །

བརྒྱད་གཉིས་གཉིས་བརྒྱད་བཅུ་དྲུག་ཡིན། ། བརྒྱད་གསུམ་གསུམ་བརྒྱད་ཉི་ཤུ་བཞི། །

བརྒྱད་བཞི་བཞི་བརྒྱད་སུམ་ཅུ་གཉིས། ། བརྒྱད་ལྔ་ལྔ་བརྒྱད་བཞི་བཅུ་ཐམ། །

བརྒྱད་དྲུག་དྲུག་བརྒྱད་བཞི་བཅུ་བརྒྱད། ། བརྒྱད་བདུན་བདུན་བརྒྱད་ལྔ་བཅུ་དྲུག །

བརྒྱད་བརྒྱད་དྲུག་ཅུ་རྩ་བཞིའོ། ། བདུན་གཅིག་གཅིག་བདུན་བདུན་རང་ཡིན། །

བདུན་གཉིས་གཉིས་བདུན་བཅུ་བཞི་ལ། ། བདུན་གསུམ་གསུམ་བདུན་ཉི་ཤུ་གཅིག །

བདུན་བཞི་བཞི་བདུན་ཉི་ཤུ་བརྒྱད། ། བདུན་ལྔ་ལྔ་བདུན་སུམ་ཅུ་ལྔ། །

བདུན་དྲུག་དྲུག་བདུན་བཞི་བཅུ་གཉིས། ། བདུན་བདུན་བཞི་བཅུ་ཞེ་དགུའོ། །

དྲུག་གཅིག་གཅིག་དྲུག་དྲུག་ཡིན་ལ། ། དྲུག་གཉིས་གཉིས་དྲུག་བཅུ་གཉིས་སོ། །

དྲུག་གསུམ་གསུམ་དྲུག་བཅོ་བརྒྱད་ཉིད། ། དྲུག་བཞི་བཞི་དྲུག་ཉི་ཤུ་བཞི། །

དྲུག་ལྔ་ལྔ་དྲུག་སུམ་ཅུ་ཐམ། ། དྲུག་དྲུག་སུམ་ཅུ་སོ་དྲུག་གོ། །

ལྔ་གཅིག་གཅིག་ལྔ་ལྔ་རང་ལ། ། ལྔ་གཉིས་གཉིས་ལྔ་བཅུ་ཐམ་པ། །

ལྔ་གསུམ་གསུམ་ལྔ་བཅོ་ལྔ་སྟེ། ། ལྔ་བཞི་བཞི་ལྔ་ཉི་ཤུ་ཐམ། །

ལྔ་ལྔ་ཉི་ཤུ་རྩ་ལྔའོ། ། བཞི་གཅིག་གཅིག་བཞི་བཞི་རང་ལ། །

བཞི་གཉིས་གཉིས་བཞི་བརྒྱད་དུ་འགྱུར། ། བཞི་གསུམ་གསུམ་བཞི་བཅུ་གཉིས་ལ། །

བཞི་བཞི་བཅུ་དྲུག་ཉིད་དུ་འོ། ། གསུམ་གཅིག་གཅིག་གསུམ་གསུམ་རང་ལ། །

གསུམ་གཉིས་གཉིས་གསུམ་དྲུག་ཡིན་ཅིང་། ། གསུམ་གསུམ་ལ་ནི་དགུ་རུ་འགྱུར། །

གཉིས་གཅིག་གཉིས་ཡིན་གཉིས་གཉིས་བཞི། ། གཅིག་གཅིག་གཅིག་ནི་གཅིག་ཁོ་ནའོ། །

དགུ་མཐའི་རེའུ་མིག་ནི་གྲུ་བཞི་ཁ་གང་ཞིག་ཡིན་པ་དང་དེའི་གཡོན་གཤམ་ནས་གཡས་སྟེང་གྱི་གཏད་ཐིག་ཏུ་ནི་རིམ་བཞིན་ 9,8,7,6,5,4,3,2,1 བཅས་ཀྱི་ཉིས་སྒྱུར་ཡིན། གལ་ཏེ་ཉིས་སྒྱུར་ཐིག་གིས་རེའུ་མིག་ཁག་གཉིས་སུ་དབྱེ་ན་གཡོན་སྟེང་དང་གཡས་གཤམ་གཉིས་ཡོད་པ་དང་དེ་གཉིས་ནི་གྲངས་ཀྱི་སྔ་ཕྱི་སྒྱུར་སྟངས་མི་འདྲ་བ་གཉིས་ལས་བྱུང་བ་ཡིན། སྔ་ཕྱི་སྒྱུར་སྟངས་མི་འདྲ་བ་གཉིས་ཀྱི་འབྲས་བུ་གཅིག་མཚུངས་ཡིན་པས་ང་ཚོས་དགུ་མཐའི་གཞོགས་གཅིག་སྟེ་ཕྱེད་ཀ་བློ་འཛིན་བྱས་པས་ཆོག། དཔེར་ན་གོང་གི་དགུ་མཐའི་ཕྱེད་ཀ་ནི་གཤམ་ལྟར་ཡིན།

དགུ་གཅིག་གིས་དགུ་རང་ཡིན། དགུ་གཉིས་ཀྱིས་བཅོ་བརྒྱད་ལ།

དགུ་གསུམ་ཉི་ཤུ་རྩ་བདུན་ཡིན། དགུ་བཞི་སུམ་ཅུ་སོ་དྲུག་ལ།

དགུ་ལྔ་བཞི་བཅུ་ཞེ་ལྔ་ཡིན། དགུ་དྲུག་ལྔ་བཅུ་ལྔ་བཞི་ལ།

དགུ་བདུན་དྲུག་ཅུ་རེ་གསུམ་ཡིན། དགུ་བརྒྱད་བདུན་ཅུ་དོན་གཉིས་ལ།

དགུ་དགུ་བརྒྱད་ཅུ་གྱ་གཅིག་ཡིན།།

བརྒྱད་གཅིག་གིས་བརྒྱད་རང་ཡིན། བརྒྱད་གཉིས་ཀྱིས་བཅུ་དྲུག་ལ།

བརྒྱད་གསུམ་ཉི་ཤུ་རྩ་བཞི་ཡིན། བརྒྱད་བཞི་སུམ་ཅུ་སོ་གཉིས་ལ།

རྒྱད་ལྔ་བཞི་བཅུ་ཐམ་པའོ། བརྒྱད་དྲུག་བཞི་བཅུ་ཞེ་བརྒྱད་ཡིན།

རྒྱད་བདུན་ལྔ་བཅུ་ལྔ་དྲུག་ལ། བརྒྱད་བརྒྱད་དྲུག་ཅུ་རེ་བཞི་ཡིན།།

བདུན་གཅིག་གིས་བདུན་རང་ཡིན། བདུན་གཉིས་ཀྱིས་བཅུ་བཞི་ལ། 

བདུན་གསུམ་ཉི་ཤུ་རྩ་གཅིག་ཡིན། བདུན་བཞི་ཉི་ཤུ་རྩ་བརྒྱད་ལ། 

བདུན་ལྔ་སུམ་ཅུ་སོ་ལྔ་ཡིན། བདུན་དྲུག་བཞི་བཅུ་ཞེ་གཉིས་ལ།

བདུན་བདུན་བཞི་བཅུ་ཞེ་དགུ་ཡིན།།

དྲུག་གཅིག་གིས་དྲུག་རང་ཡིན། དྲུག་གཉིས་ཀྱིས་བཅུ་གཉིས་ལ།

དྲུག་གསུམ་གྱིས་བཅོ་བརྒྱད་ཡིན། དྲུག་བཞི་ཉི་ཤུ་རྩ་བཞི་ལ།

དྲུག་ལྔ་སུམ་ཅུ་ཐམ་པའོ། དྲུག་དྲུག་སུམ་ཅུ་སོ་དྲུག་ཡིན།།

ལྔ་གཅིག་གིས་ལྔ་རང་ལ། ལྔ་གཉིས་ཀྱིས་བཅུ་ཐམ་པ།

ལྔ་གསུམ་གྱིས་བཅོ་ལྔ་ཡིན། ལྔ་བཞི་ཉི་ཤུ་ཐམ་པ་ལ།

ལྔ་ལྔ་ཉི་ཤུ་རྩ་ལྔ་ཡིན།།

བཞི་གཅིག་གིས་བཞི་རང་ཡིན། བཞི་གཉིས་ཀྱིས་བརྒྱད་ཡིན་ལ།

བཞི་གསུམ་གྱིས་བཅུ་གཉིས་ཡིན། བཞི་བཞི་ཡིས་བཅུ་དྲུག་ལ།།

གསུམ་གཅིག་གིས་གསུམ་རང་ཡིན། གསུམ་གཉིས་ཀྱིས་དྲུག་ཡིན་ལ།

གསུམ་གསུམ་གྱིས་དགུ་རུ་འགྱུར། གཉིས་གཅིག་གིས་གཉིས་རང་ལ།

གཉིས་གཉིས་ཀྱིས་བཞི་ཡིན་ནོ།། གཅིག་གཅིག་ནི་གཅིག་ཁོ་ནའོ། །

སྔོན་བོད་དུ་རྡེལ་རྩིས་རྒྱག་དུས་རྡེལ་གཏོང་མཁན་གྱིས་ཁོག་རྩིས་རྒྱག་བཞིན་རྡེལ་སྐད་དང་བསྟུན་ནས་རྡེལ་གཏོང་བ་ནི་ལུས་ངག་ཡིད་གསུམ་གྱིས་རྩིས་རྒྱག་པ་ཞིག་རེད་འདུག དེ་ལྟ་བུའི་རྩིས་རིག་སྦྱོང་སྤྱོད་བྱེད་སྟངས་ནི་ཤིན་ཏུ་ནས་ཡིད་དབང་འཕྲོག་ཐུབ་པ་ཞིག་རེད་འདུག། གལ་ཏེ་ང་ཚོས་དེའི་ཐད་ཀྱི་ལེགས་ཆ་རྣམས་ང་ཚོའི་སྡོམ་འཐེན་སྒྱུར་བགོས་ཀྱི་སྦྱོང་སྤྱོད་གཉིས་སུ་བེད་སྤྱོད་བྱེད་ཐུབ་ན་ཏན་ཏན་ཕན་འབྲས་བཟང་པོ་ཞིག་ཐོབ་ངེས། དགུ་མཐའ་འདོན་དུས་རྡེལ་སྐད་བཞིན་དུ་དབྱངས་ཀྱི་རྟ་ལ་བསྐྱོན་ན་བློ་འཛིན་བྱེད་བདེ་ལ་རྗེད་པར་དཀའ་བ་ཞིག་ཡོང་ཐུབ།

གཤམ་དུ་ནི་རྒན་བྱ་རིགས་པ་བློ་བཟང་རྣམ་རྒྱལ་ལགས་དང་མཁར་རྒྱ་པད་མ་བློ་གྲོས་ལགས་གཉིས་དང་ཁོང་གཉིས་ཀྱི་རྡེལ་རྩིས་སྦྱོང་བརྡར་འཛིན་གྲྭའི་སློབ་མ་རྣམས་ཀྱིས་དགུ་མཐའི་རྡེལ་གཏོང་བའི་སྒྲ་ཕབ་ཞིག་ཡིན།

དཔེར་ན་ དགུ་གཉིས་གཉིས་དགུ་བཅོ་བརྒྱད་ཡིན། ཞེས་པ་ནི་གྲངས་དགུ་ཡིན་པ་ཐེངས་གཉིས་བསྡོམས་པས་བཅོ་བརྒྱད་བྱུང་ལ་གྲངས་གཉིས་ཡིན་པ་ཐེངས་དགུ་བསྡོམས་པས་ཀྱང་བཅོ་བརྒྱད་བྱུང་། གྲངས་ཀྱི་རྣམ་པའི་ཐོག་ནས་མཚོན་ན།

      9+9=18  དང་   2+2+2+2+2+2+2+2+2=18 ཡིན།

དངོས་དཔེ་རྡེལ་དང་ཤིང་ཧྲུག་སོགས་ཀྱིས་མཚོན་རོགས་བྱས་ན་ལེགས།

ཡང་གྲངས་དགུ་ཡིན་པ་ཐེངས་གཉིས་བསྡོམས་པ་ཞེས་པས་དོན་དངོས་སུ་གྲངས་དགུ་ཡི་ལྡབ་བམ་ཐེངས་གཉིས་མཚོན་པས་དེ་ནི་སྒྱུར་རྩིས་ཡིན་ཏེ་གྲངས་ཀྱིས་མཚོན་ན་ 9×2 དང་ གྲངས་གཉིས་ཡིན་པ་ཐེངས་དགུ་ཞེས་གྲངས་གཉིས་ཀྱི་ཐེངས་སམ་ལྡབ་དགུ་ཡོད་པ་མཚོན་པས་དེ་སྒྱུར་གྱི་རྣམ་པས་མཚོན་ན་  2×9 ལྟར་ཡིན། དེ་བཞིན་དུ་གཞན་ལའང་རིགས་འགྲེ་བར་བྱའོ།

དཔྱད་གཞི།

http://zw.tibet.cn

༢༠༡༥ ལོའི་ཟླ་བ་ ༨ པའི་ཚེས་ ༡༦ ཉིན།

བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་རིག་ཚན་ཁག།

ལྷག་པ་ཚེ་རིང་གིས་རྩོམ་སྒྲིག་བྱས།

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » དགུ་མཐའ།
མཉམ་སྤྱོད།:
ཡག་པོ་འདུག(2) གསོལ་རས་གནང་བ།

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏