གོང་དུ་ང་ཚོས་དྲང་ཐིག་གི་གསེག་ཕྱོད་རྩི་བ། ཞེས་པ་ལས་དྲང་ཐིག་གི་གསེག་ཕྱོད་ཇི་ལྟར་རྩི་བ་ཤེས་ཡོད།
ཐ་སྙད་ཤན་སྦྱར།
མཉམ་བྱ | 方程 | equation |
བཅད་ཐག | 截距 | intercept |
གནས་ཚད | 坐标 | coordinate |
ཚེག | 点 | point |
དེ་རིང་ང་ཚོས་དེའི་རྨང་གཞིའི་སྟེང་དྲང་ཐིག་གི་མཉམ་བྱར་དབྱེ་ཞིབ་བྱ་རྒྱུ་ཡིན། དེ་ནི་དྲང་ཐིག་ཅིག་ཇི་ལྟར་མཚོན་པར་བྱ་བ་ཡིན།
སྤྱིར་དྲང་ཐིག་ནི་ y = mx + b ལྟར་མཚོན་པར་བྱ་བ་ཡིན། འོ་ན་ཇི་ལྟར་ཡིན་ཟེར་ན།
![]() |
|
གསེག་ཕྱོད | Y སྟེང་གི་བཅད་ཐག |
དྲང་ཐིག་ཅིག་གནས་ཚད་མ་ལག་ཏུ་བཞག་སྟེ་དྲང་ཐིག་སྟེང་འགྲོ་བའི་ཚེ་མཉམ་བྱའི་ཁྲོད་ཀྱི་ཡི་གེ་སོ་སོའི་མཚོན་དོན་ནི་གཤམ་གསལ་ལྟར་ཡིན།
y = སྟེང་(འོག་)ཕྱོགས་སུ་མཐོ་ཚད་ལ་ག་ཚོད་འཛེགས་(བབས་)པ།
x = མདུན་ཕྱོགས་སུ་རིང་ཚད་ལ་ག་ཚོད་ཕྱིན་པ།
m = གསེག་ཕྱོད། (དྲང་ཐིག་དེ་ཇི་ལྟར་གཟར་བ་བསྟན་པ། )
b = Y སྟེང་གི་བཅད་ཐག། (དེ་རུ་དྲང་ཐིག་གིས་མདའ་ Y བཅད་པའམ་དེར་བརྒྱུད་པ། )
འོ་ན་དྲང་ཐིག་ཅིག་གི་ m དང་ b གཉིས་ཇི་ལྟར་བྱས་ཏེ་རྩི་དགོས་སམ།
- b རྩི་བ་ནི་སྟབས་བདེ་པོ་ཡིན་ཏེ་དྲང་ཐིག་ Y ཡི་གང་ནས་བརྒྱུད་པར་བལྟས་པས་ཆོག།
- གསེག་ཕྱོད་ m རྩི་བར་རྩིས་ཅུང་ཟད་ཅིག་རྒྱག་དགོས་ཡོད།
m = |
|
གོང་གི་གསེག་ཕྱོད་ཀྱི་གོ་དོན་སེམས་ལ་བཞག་ན་དྲང་ཐིག་གི་མཉམ་བྱ་རྩི་བ་ནི་ལས་སླ་མོ་ཡིན།
དཔེར་བརྗོད་དང་པོ།
ང་ཚོས་དྲང་ཐིག་གི་དུམ་བུ་གང་རུང་ཞིག་བླངས་ཏེ་གསེག་ཕྱོད་རྩི་ཆོག། གོང་གི་དུམ་བུ་ལྟར་ན་མདུན་དུ་ 1 འགྲོ་དུས་སྟེང་དུ་ 2 འཛེག་དགོས་པས་
\(m=\frac{2}{1}=2\) དང་ \(b=1\) ཡིན་པས་དྲང་ཐིག་དེའི་མཉམ་བྱ་ནི་ \(y=2x+1\) ལྟར་ཡིན་ནོ།
མཉམ་བྱ་དེར་བརྟེན་ཏེ་ཁྱེད་ཀྱིས་ x ལ་གྲངས་ཐང་གང་རུང་ཞིག་བླང་ན་དེར་བསྟུན་པའི་ y ཡི་གྲངས་ཐང་ཞིག་ཐོབ་ཐུབ།
གལ་ཏེ་ x ལ་ 1 བླང་ན་ \(y=2\times1+1=3\) ལྟ་བུ། དེ་ཡང་དྲང་ཐིག་ཐོག་གི་ཚེག་ཅིག་ཡིན་ཏེ་དེའི་གནས་ཚད་མ་ལག་སྟེང་གི་གནས་ས་ནི་ x=1 དང་ y=3 ཡིན། སྟབས་བདེ་བའི་ཆེད་དུ་ཚེག་དེའི་གནས་ཚད་ (1,3) ལྟར་མཚོན་པར་བྱེད།
ཡང་གལ་ཏེ་ x ལ་ 7 བླང་ན་ \(y=2\times7+1=15\) ཡིན། དེ་ཡང་གནས་ཚད་ལ་ (1,3) ཡིན་པའི་ཚེག་དེ་ཡང་དྲང་ཐིག་དེའི་ཐོག་ཏུ་ཡོད་དོ།
དཔེར་བརྗོད་གཉིས་པ།
གལ་ཏེ་དྲང་ཐིག་གི་དུམ་བུ་དེའི་གཡས་སྣེ་ནས་གཡོན་སྣེར་བསྐྱོད་ན་རྒྱབ་ཏུ་རིང་ཚད་ལ་ -1 འགྲོ་དུས་སྟེང་དུ་མཐོ་ཚད་ལ་ 3 འཛེག་དགོས་པས་
\(m=\frac{3}{-1}=-3\) དང་ \(b=0\) ཡིན་པས་དྲང་ཐིག་དེའི་མཉམ་བྱ་ནི་ \(y=-3x+0\) ལྟར་ཡིན། དེ་ཡང་ \(y=-3x\) ཡིན་ནོ།
ཁྱེད་ཀྱིས་ཡང་དུམ་བུ་དེའི་གཡོན་ནས་གཡས་སུ་བསྐྱོད་ཀྱང་ཆོག་སྟེ་དེ་དུས་མདུན་དུ་རིང་ཚད་ལ་ 1 ཕྱིན་པ་དང་འོག་ཏུ་མཐོ་ཚད་ལ་ -3 བབས་པ་ཡིན་པས་
\(m=\frac{-3}{1}=-3\) ཡིན།
དཔེར་བརྗོད་གསུམ་པ།
དྲང་ཐིག་དེ་ནི་གཞུང་ཐིག་ཅིག་ཡིན། དེའི་གསེག་ཕྱོད་ནི་ཚད་མེད་ཆེ་བ་ཞིག་ཡིན་ལ་དེས་ནི་མདའ་ y ཡང་བརྒྱུད་མེད་པས་བཅད་ཐག་ནི་མེད། དེ་ལྟ་བུའི་དྲང་ཐིག་ནི་གོང་ལྟར་གསེག་ཕྱོད་དང་ y ཡི་བཅད་ཐག་ལ་བརྟེན་ནས་མཚོན་མི་ཐུབ། འོ་ན་དམིགས་བསལ་གྱི་དྲང་ཐིག་དེ་ལྟ་བུ་ཇི་ལྟར་མཚོན་པར་བྱ་ཞེ་ན་དེ་ཡང་སྐྱོན་མེད་དེ་ང་ཚོས་དེའི་ཁྱད་ཆོས་ལ་བལྟས་པས་ཆོག།
གཞུང་ཐིག་དེའི་ཐོག་ཏུ་སྐྱོད་སྐབས་མདའ་ y སྟེང་གི་གྲངས་ཐང་ཚང་མ་ལེན་གྱི་ཡོད་ཀྱང་མདའ་ x སྟེང་ལས་གྲངས་ཐང་གཅིག་ཁོ་ན་ལས་ལེན་གྱི་མེད་དེ་གྲངས་ཐང་དེ་ནི་ 1.5 ཡིན། དེར་བརྟེན་གཞུང་ཐིག་དེར་འཚམ་དགོས་པའི་ཆ་རྐྱེན་ནི་གཅིག་ཁོ་ན་ལས་མེད་དེ་ \(x=1.5\) ཡིན་པས་དེ་ནི་དེའི་མཉམ་བྱ་ཡིན་ནོ། དེ་ལྟར་ཆུ་ངོས་ཐིག་གི་མཉམ་བྱ་འགོད་དུས་རིགས་བསྒྲེ་བར་བྱའོ།།
དཔྱད་གཞི།
http://www.mathsisfun.com/equation_of_line.html
༢༠༡༥ ལོའི་ཟླ་བ་ ༨ པའི་ཚེས་ ༤ ཉིན།
བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་རིག་ཚན་ཁག།
ལྷག་པ་ཚེ་རིང་གིས་རྩོམ་སྒྱུར་བྱས།