དྲང་ཐིག་གི་གསེག་ཕྱོད་ཇི་ལྟར་བྱས་ནས་མཚོན་པར་བྱེད་པ།

ང་ཚོས་ལམ་གྱི་རྣམ་པ་གསུམ། ཞེས་པའི་རྩོམ་ཡིག་ནང་དུ་ལམ་(དྲང་ཐིག་ལ་ཆ་བཞག་ཡོད་)གྱི་གསེག་ཕྱོད་ཀྱི་འབྱུང་ཁུངས་དང་དོན་སྙིང་། གྲངས་ཐང་བཅས་ལ་དབྱེ་ཞིབ་བྱས་ཡོད།

ཐ་སྙད་ཤན་སྦྱར།

རིང་ཚད 长度 distance
མཐོ་ཚད 高度 height

དེ་རིང་ང་ཚོས་གོང་གི་རྨང་གཞིའི་སྟེང་དུ་དྲང་ཐིག་གི་གསེག་ཕྱོད་ཇི་ལྟར་བྱས་ཏེ་མཚོན་དགོས་པར་བསམ་ཞིབ་བྱ་རྒྱུ་ཡིན།

གསེག་ཕྱོད་དང་གསེག་ཚད། ཡོ་ཚད། གཟར་ཚད་སོགས་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན། འདིར་ «གྲངས་རིག་པ» ཞེས་པའི་མིང་བརྡའི་ཚིག་མཛོད་བཞིན་གསེག་ཕྱོད་ཅེས་པ་དེ་བེད་སྤྱོད་བྱ་རྒྱུ་ཡིན།

གསེག་ཕྱོད་ཀྱིས་དྲང་ཐིག་གི་གཟར་ཚད་ཇི་འདྲ་ཡིན་མིན་གསལ་བཤད་བྱེད་ཀྱི་ཡོད།

ལམ་གསུམ་གྱི་གསེག་ཕྱོད་གྲངས་ཐང་གི་ཁྱབ་ཁོངས་ལ་དྲན་གསོ་བྱེད་པ།

ལམ་དང་པའི་གསེག་ཕྱོད།    ཆུ་ངོས་ལམ་ནི་སྟེང་འོག་གཉིས་གང་དུའང་གསེག་མེད་པས་གསེག་ཕྱོད་ནི་ 0 ཡིན།

ལམ་གཉིས་པའི་གསེག་ཕྱོད།  ཆུ་ངོས་ལས་ཡར་གྱེན་དུ་གསེག་པའི་ལམ་གྱི་གསེག་ཕྱོད་ནི་ཕོ་གྲངས་ཡིན།

ལམ་གསུམ་པའི་གསེག་ཕྱོད།  ཆུ་ངོས་ལས་མར་ཐུར་དུ་གསེག་པའི་ལམ་གྱི་གསེག་ཕྱོད་ནི་མོ་གྲངས་ཡིན།

དྲན་གསོ་རྒྱས་ཙམ་བྱས་ན།

དང་པོ་ཆུ་ངོས་ལམ་ལ་སྐྱོད་སྐབས་མདུན་དུ་ཕྱིན་པའི་རིང་ཚད་ཁོ་ན་ཡོད་པ་(ཕོ་གྲངས་ཡིན་པ་)ལས་སྟེང་དུ་འཛེགས་པའམ་ཡང་འོག་ཏུ་བབས་པའི་མཐོ་ཚད་མེད(0 ཡིན)

གཉིས་པ་ཆུ་ངོས་ལས་ཡར་གྱེན་དུ་གསེག་པའི་ལམ་ལ་སྐྱོད་སྐབས་མདུན་དུ་ཕྱིན་པའི་རིང་ཚད་ཡོད་(ཕོ་གྲངས་ཡིན་)ལ་སྟེང་དུ་འཛེགས་པའི་མཐོ་ཚད་ཡང་ཡོད(ཕོ་གྲངས་ཡིན་པ)

གསུམ་པ་ཆུ་ངོས་ལས་མར་ཐུར་དུ་གསེག་པའི་ལམ་ལ་སྐྱོད་སྐབས་མདུན་དུ་ཕྱིན་པའི་རིང་ཚད་ཡོད་(ཕོ་གྲངས་ཡིན་)ལ་འོག་ཏུ་བབས་པའི་མཐོ་ཚད་ཡང་ཡོད(མོ་གྲངས་ཡིན་པ)

དེ་ཡང་ལམ་གྱི་གསེག་ཕྱོད་ནི་རིང་ཚད་དང་མཐོ་ཚད་གཉིས་ལ་རག་ལས་པ་ཞིག་ཡིན། མཐོ་ཚད་ནི་ 0 ཡིན་སྐབས་གསེག་ཕྱོད་ཀྱང་ 0 ཡིན་ལ་ མཐོ་ཚད་ནི་ཕོ་གྲངས་ཡིན་སྐབས་གསེག་ཕྱོད་ཀྱང་ཕོ་གྲངས་ཡིན་ཞིང་གལ་ཏེ་རིང་ཚད་ཐུང་ཐུང་ཞིག་ལ་སྟེང་དུ་མཐོ་ཚད་ཆེན་པོ་ཞིག་འཛེགས་ན་སྟེང་དུ་གསེག་ཕྱོད་ཀྱང་ཆེན་པོ་ཞིག་ཡིན་པ་དང་ མཐོ་ཚད་ནི་མོ་གྲངས་ཡིན་སྐབས་གསེག་ཕྱོད་ཀྱང་མོ་གྲངས་ཡིན་ཞིང་གལ་ཏེ་རིང་ཚད་ཐུང་ཐུང་ཞིག་ལ་འོག་ཏུ་མཐོ་ཚད་ཆེན་པོ་ཞིག་བབས་ན་འོག་ཏུ་གསེག་ཕྱོད་ཀྱང་ཆེན་པོ་ཞིག་ཡིན།

གསེག་ཕྱོད་དང་རིང་ཚད། མཐོ་ཚད་དབར་གྱི་འབྲེལ་བ་འཛུགས་པ།

གསེག་ཕྱོད་ནི་རིང་ཚད་དང་མཐོ་ཚད་གཉིས་ལ་རག་ལས་པ་ཞིག་ཡིན། ཞེས་པས་ཚད་དེ་གསུམ་གྱི་དབར་ལ་ཕན་ཚུན་འབྲེལ་བ་ཞིག་ཡོད་པ་བསྟན་ཡོད། དེ་ཡང་རིང་ཚད་དང་མཐོ་ཚད་གཉིས་ཀྱིས་གསེག་ཕྱོད་མཚོན་པར་བྱེད་ནུས་པའི་འབྲེལ་བ་ཞིག་ཡིན། རྩིས་རིག་ཏུ་ཚད་ཕན་ཚུན་དབར་འབྲེལ་བ་འཛུགས་པར་སྡོམ་འཐེན་སྒྱུར་བགོད་ཀྱི་ཟམ་པ་བེད་སྤྱོད་བྱ་རྒྱུ་ལས་ཐབས་གཞན་ནི་མེད། དེ་ཡང་

གསེག་ཕྱོད་ = རིང་ཚད་དང་མཐོ་ཚད་ཀྱི་སྡོམ་འཐེན་སྒྱུར་བགོས་ཀྱི་རྣམ་པ་ཞིག་ཡིན།

ང་ཚོས་སྟབས་བདེ་ས་ནས་འགོ་བརྩམས་ཏེ་འབྲེལ་བ་དེ་གཏན་ཁེལ་བྱ་རྒྱུ་ཡིན།

ཚོད་ལྟ་དང་པོ།                       གསེག་ཕྱོད = རིང་ཚད + མཐོ་ཚད

བརྟག་དཔྱད།

ཆུ་ངོས་ལམ་གྱི་གསེག་ཕྱོད = རིང་ཚད + མཐོ་ཚད = རིང་ཚད + 0 = རིང་ཚད

དེ་ལྟར་མདུན་དུ་ཇི་ཙམ་རིང་བ་བསྐྱོད་ན་གསེག་ཕྱོད་ནི་དེ་ཙམ་གྱི་ཆེ་རུ་འགྲོ་བ་ཡིན། འོན་ཀྱང་ཆུ་ངོས་ལམ་གྱི་གསེག་ཕྱོད་ནི་ནམ་ཡང་ 0 ཡིན་པས་དེ་ནི་ནོར་འཁྲུལ་ཞིག་ཡིན།

རིགས་འགྲེ་སྟེ་ཤེས་ཐུབ་པར་ གསེག་ཕྱོད་ནི་རིང་ཚད་དང་མཐོ་ཚད་གཉིས་ཀྱི་སྡོམ་འཐེན་གྱི་རྣམ་པ་གང་རུང་ཞིག་ཡིན་མི་སྲིད།

ཚོད་ལྟ་གཉིས་པ།                       གསེག་ཕྱོད = རིང་ཚད × མཐོ་ཚད

བརྟག་དཔྱད།

དམིགས་བསལ་གཞུང་ཐིག་གི་གསེག་ཕྱོད = རིང་ཚད × མཐོ་ཚད = 0 × མཐོ་ཚད = 0

འོན་ཀྱང་གཞུང་ཐིག་གི་གསེག་ཕྱོད་ནི་ཚད་མེ་ཆེ་བ་ཞིག་ཡིན་པ་ལས་ 0 ནི་མ་ཡིན་པས་དེ་ནི་ནོར་འཁྲུལ་ཞིག་ཡིན།

རིགས་འགྲེ་སྟེ་ཤེས་ཐུབ་པར་ གསེག་ཕྱོད་ནི་རིང་ཚད་དང་མཐོ་ཚད་གཉིས་ཀྱི་སྒྱུར་གྱི་རྣམ་པ་གང་རུང་ཞིག་ཡིན་མི་སྲིད།

ཚོད་ལྟ་གསུམ་པ།                       གསེག་ཕྱོད = རིང་ཚད ÷ མཐོ་ཚད

བརྟག་དཔྱད།

དམིགས་བསལ་གཞུང་ཐིག་གི་གསེག་ཕྱོད = རིང་ཚད ÷ མཐོ་ཚད = 0 ÷ མཐོ་ཚད = 0

འོན་ཀྱང་གཞུང་ཐིག་གི་གསེག་ཕྱོད་ནི་ཚད་མེ་ཆེ་བ་ཞིག་ཡིན་པ་ལས་ 0 ནི་མ་ཡིན་པས་དེ་ནི་ནོར་འཁྲུལ་ཞིག་ཡིན།

ཚོད་ལྟ་བཞི་པ།                       གསེག་ཕྱོད = མཐོ་ཚད ÷ རིང་ཚད 

བརྟག་དཔྱད།

དང་པོ་ཆུ་ངོས་དྲང་ཐིག་གི་གསེག་ཕྱོད = མཐོ་ཚད ÷ རིང་ཚད = 0÷ རིང་ཚད = 0 ཡིན་པས་སྐྱོན་མེད།

གཉིས་པ་ཆུ་ངོས་ལས་ཡར་གསེག་པའི་དྲང་ཐིག་གི་གསེག་ཕྱོད = མཐོ་ཚད ÷ རིང་ཚད = ཕོ་གྲངས་ཡིན་པ་དང་། རིང་ཚད་ཐུང་ཐུང་དང་འཛེགས་པའི་མཐོ་ཚད་ཆེན་པོ་ཡིན་སྐབས་སྟེང་དུ་གསེག་ཕྱོད་ཀྱང་ཆེན་པོ་ཡིན་པས་དེ་ཡང་སྐྱོན་མེད།

གསུམ་པ་ཆུ་ངོས་ལས་མར་གསེག་པའི་དྲང་ཐིག་གི་གསེག་ཕྱོད = མཐོ་ཚད ÷ རིང་ཚད = མོ་གྲངས་ཡིན་པ་དང་། རིང་ཚད་ཐུང་ཐུང་དང་བབས་པའི་མཐོ་ཚད་ཆེན་པོ་ཡིན་སྐབས་འོག་ཏུ་གསེག་ཕྱོད་ཀྱང་ཆེན་པོ་ཡིན་པས་དེ་ཡང་སྐྱོན་མེད།

བཞི་པ་དམིགས་བསལ་གཞུང་ཐིག་གི་གསེག་ཕྱོད = མཐོ་ཚད ÷ རིང་ཚད = མཐོ་ཚད ÷ 0 = 

དེ་ཡང་གྲངས་ཤིག་ལ་ཤིན་ཏུ་ཆུང་བའི་གྲངས་གཞན་ཞིག་གིས་བགོ་ན་བགོས་ཐོབ་ནི་ཤིན་ཏུ་ཆེ་བ་ཞིག་ཡིན་པ་དང་བགོ་བྱེད་དེ་ 0 དང་ཇི་ཙམ་ཉེ་བ་ཡིན་ན་བགོད་ཐོབ་ཀྱང་དེ་ཙམ་གྱི་ཆེ་བ་ཡིན། གལ་ཏེ་བགོ་བྱེད་གྲངས་དེ་ 0 ཡིན་ན་བགོ་ཐོབ་ནི་ཚད་མེད་ཆེ་བ་ཡིན་ནོ། དེ་རུ་ཡང་སྐྱོན་མིན་འདུག།

ཆ་བཞག་མཐའ་མ་དེ་ནི་དྲང་ཐིག་གི་རྣམ་པ་ཚང་མའི་གསེག་ཕྱོད་ཀྱི་འགྲོ་སྟངས་དང་ཡོངས་སུ་མཐུན་པ་ཞིག་ཡིན། དེར་བརྟེན།

གསེག་ཕྱོད = མཐོ་ཚད ÷ རིང་ཚད 

ནི་གསེག་ཕྱོད་དང་མཐོ་ཚད། རིང་ཚད་བཅས་གསུམ་གྱི་ཡང་དག་པའི་འབྲེལ་བ་དེ་ཡིན་ནོ།།

༢༠༡༥ ལོའི་ཟླ་བ་ ༧ པའི་ཚེས་ ༡༥ ཉིན།

ལྷག་པ་ཚེ་རིང་གིས་བརྩམས།

བོད་ལྗོངས་སློབ་ཆེན་རྩིས་རིག་ཚན་ཁག།

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » དྲང་ཐིག་གི་གསེག་ཕྱོད་ཇི་ལྟར་བྱས་ནས་མཚོན་པར་བྱེད་པ།
མཉམ་སྤྱོད།:
ཡག་པོ་འདུག(0) གསོལ་རས་གནང་བ།

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏