རྒྱ་ཁྱོན་ངོས་འཛིན།

རྒྱ་ཁྱོན་ནི་ངོས་ཤིག་གི་ཆེ་ཆུང་ལ་ཟེར།

དཔེར་ན་གཤམ་གསལ་བཟོ་དབྱིབས་མི་འདྲ་བ་གསུམ་གྱི་ངོས་ཀྱི་ཆེ་ཆུང་ཚང་མ་ 9 ཡིན།

སྟབས་བདེའི་བཟོ་དབྱིབས་ཀྱི་རྒྱ་ཁྱོན།

དཔེར་ན་གཤམ་གསལ་གྲུ་བཞི་ནར་མོའི་རྒྱ་ཁྱོན་ལ་ག་ཚོད་ཡིན།

སྤྱི་འགྲོས་ནི་   རྒྱ་ཁྱོན་ = དཀྱུས་ × ཞེང་  ཡིན་པ་དང་ དཀྱུས་(སྲིད་དམ་གཞུང་) ནི་ 5 ཡིན་པ་དང་ ཞེང་ནི་ 3 ཡིན་པས་

རྒྱ་ཁྱོན་ =5×3=15 ཡིན།

ཡང་ང་ཚོས་གྲུ་བཞི་ནར་མོ་དེ་གྲུ་བཞི་ཁ་གང་ཆུང་ཆུང་གི་རེའུ་མིག་སྟེང་ཏུ་བཞག་ནས་དེའི་རྒྱ་ཁྱོན་ལ་གྲུ་བཞི་ཁ་གང་ཆུང་ཆུང་ག་ཚོད་ཡོད་པ་བརྩིས་ནའང་འགྲིག།

གྲུ་བཞི་ནར་མོའི་ཆེ་ཆུང་ནི་ཁ་གང་མ་ཆུང་ཆུང་ 15 ཏག་ཏག་ཡིན།

གལ་ཏེ་ཁ་གང་མ་ཆུང་ཆུང་ཞིག་གི་མཐའི་རིང་ཚད་ནི་ 1cm ཡིན་ན་གྲུ་བཞི་ནར་མོའི་རྒྱ་ཁྱོན་ནི་ 15cm2 ཡིན་ནོ།

ང་ཚོས་རིང་ཚད་འཇལ་དུས་རིང་ཚད་ཐུང་ཐུང་ 1 གིས་འཇལ་བྱེད་བྱེད་པ་བཞིན་དུ་རྒྱ་ཁྱོན་འཇལ་དུས་རྒྱ་ཁྱོན་ཆུང་ཆུང་ 1 ཡིན་པའི་ཁ་གང་མ་ཞིག་གིས་འཇལ་བྱེད་བྱས་ཏེ་བཟོ་ལྟ་མི་འདྲ་བའི་ངོས་ཀྱི་རྒྱ་ཁྱོན་གཞལ་ཆོག། དེ་ནི་ཉམས་མྱོང་ལས་ཐོབ་པའི་གལ་ཆེའི་ཐབས་ཤེས་ཤིག་ཡིན།

ཁ་གང་མའི་ཁ་གྲངས་བརྩིས་ནས་རྒྱ་ཁྱོན་ཚོད་དཔག་བྱེད་པ།

བྱེད་སྟངས་ཤིག་ནི་ཁ་གང་གི་ཕྱེད་ཀ་ལས་ཆེ་བ་ཡོད་ན་ཁ་གང་གཅིག་ལ་རྩི་བ་དང་ཆུང་བ་ཡོད་ན་མེད་པར་རྩི་བ་ཡིན།

མཐའ་ལྔ་དབྱིབས་ངོས་ཀྱི་རྒྱ་ཁྱོན་ལ་ཧ་ལམ་ 17 ཡིན།

བྱེད་སྟངས་གཞན་ཞིག་ནི་ཆ་ཤས་བསྡོམས་ནས་ཁ་གང་གཅིག་དང་ཉེ་མཚུངས་བྱེད་པ་དེ་ཡིན། བྱེད་སྟངས་དེ་གཉིས་མཉམ་དུ་སྤྱད་ན་ཚོད་རྩིས་ཡག་པོ་རྒྱག་ཐུབ།

གཤམ་གྱི་སྒོར་དབྱིབས་ནང་དུ་ 4 དང་ 8 ཀྱི་ཆེ་ཆུང་སོ་སོ་ནི་ཕལ་ཆེར་ཁ་གང་གཅིག་དང་མཚུངས་པ་ཡིན།

སྒོར་དབྱིབས་ངོས་ཀྱི་རྒྱ་ཁྱོན་ལ་ཧ་ལམ་ 14 ཡིན།

ཅུང་རྙོག་པའི་བཟོ་དབྱིབས་ཀྱི་རྒྱ་ཁྱོན།

ང་ཚོས་ཅུང་རྙོག་པའི་བཟོ་དབྱིབས་ཤིག་ཅུང་སྟབས་བདེ་བའི་བཟོ་དབྱིབས་འགར་གཏུབས་ནས་དེ་ཚོའི་རྒྱ་ཁྱོན་བསྡོམས་ན་འགྲིག།

དཔེར་ན།

གྲུ་བཞི་ཁ་གང་ཞིག་དང་ཟུར་གསུམ་ཞིག་ཏུ་གཏུབས་པས་

དུམ་བུ་ A ཡི་རྒྱ་ཁྱོན་ = མཐའ2 = 20m × 20m = 400m2

དུམ་བུ་ B ཡི་རྒྱ་ཁྱོན =(མཐིལ × མཐོ )÷2 = ( 20m × 14m)÷2 = 140m2

ཡིན་པ་དང་དུམ་བུ་དེ་གཉིས་ཁྱོན་བསྡོམས་པའི་རྒྱ་ཁྱོན་ནི་

A ཡི་རྒྱ་ཁྱོན + B ཡི་རྒྱ་ཁྱོན = 400m2 + 140m2 = 540m2 ཡིན།

ཟུར་གསུམ་བསྡོམས་ནས་རྒྱ་ཁྱོན་རྩི་བ།

སྐབས་རེ་ཅུང་རྙོག་པའི་བཟོ་དབྱིབས་ཤིག་ཟུར་གསུམ་དུ་གཏུབས་ནས་རྒྱ་ཁྱོན་བརྩི་ན་སྟབས་བདེ་པོ་ཡོད། ལྷག་པར་དུ་མཐའ་མང་དབྱིབས་ཤིག་ཡིན་ཚེ་ཐབས་ཤེས་དེ་ནི་ཤིན་ཏུ་ལེགས།

དེ་ནས་ཟུར་གསུམ་སོ་སོའི་མཐིལ་ b དང་མཐོ་ h གཞལ་ཏེ་སོ་སོའི་རྒྱ་ཁྱོན་བརྩིས་ནས་བསྡོམས་པས་འགྲིག།

དཔྱད་གཞི།

http://www.mathsisfun.com/geometry/area.html

༢༠༡༥ ལོའི་ཟླ་བ་ ༧ པའི་ཚེས་ ༩ ཉིན།

བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་རིག་ཚན་ཁག

ལྷག་པ་ཚེ་རིང་གིས་རྩོམ་སྒྲིག་བྱས།

རྩིས་རིག་ཤེས་བྱའི་སྡོང་པོའི་འཕྲིན་ཕྲན་སྤྱི་སྟེགས་ལ་ཕེབས་པར་དགའ་བསུ་ཞུ།
ཁྱེད་ཀྱི་དོ་ཁུར་ནི་ངའི་ཡར་རྒྱས་ཀྱི་འཕར་རྩ་ཡིན།
མཉམ་སྤྱོད།:
ཡག་པོ་འདུག(1)

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།