π=3.14159265358979323846…

ང་ཚོས་ \(\pi\) ཞེས་པའི་གྲགས་ཅན་གྱི་ལུགས་མེད་གྲངས་དེ་ཐོག་མར་སྒོར་དབྱིབས་ལས་མཐོང་བ་ཞིག་ཡིན་སྲིད། དོནདེ་ནི་རྩིས་རིག་གི་ས་ཕྱོགས་གང་སར་དགའ་བསུ་ཐོབ་པའི་གྲངས་ཤིག་ཡིན།

\(\pi\) དང་སྒོར་དབྱིབས།

དེ་རིང་དངོས་སུ་གྲངས་དེ་འཚོལ་བའི་བརྒྱུད་རིམ་ལས་ང་ཚོས་དེར་རྒྱུས་མངའ་ཞིག་ལོན་པར་བྱ།

ཁྱེད་ཀྱིས་སྒོར་དབྱིབས་ཤིག་བྲིས་ནས་དེའི་མཐའ་འཁོར་རིང་ཚད་དང་ཚངས་ཐིག་གཞལ་དགོས།

ཡང་ན་སྡེར་མ་ལྟ་བུའི་དངོས་པོ་ཞིག་ལ་གཞལ་ན་ཡང་ཆོག།

ད་ཁྱེད་ཀྱི་སྒོར་དབྱིབས་ཀྱི་མཐའ་འཁོར་རིང་ཚད་དང་ཚངས་ཐིག་རིང་ཚད་ཀྱི་སྡུར་

མཐའ་འཁོར་རིང་ཚད ÷ ཚངས་ཐིག་རིང་ཚད

རྩིས་དང།

འདིར་སྡེར་མ་ཞིག་གི་ཚད་བཅལ་བ་གཤམ་གསལ་ལྟར་ཡིན།

མཐའ་འཁོར་རིང་ཚད་ནི་ལི་སྨི་ 82 ཡིན། ཚངས་ཐིག་རིང་ཚད་ནི་ལི་སྨི་ 26 ཡིན།

སྡེར་མའི་མཐའ་འཁོར་རིང་ཚད་དང་ཚངས་ཐིག་རིང་ཚད་ཀྱི་སྡུར་རམ་ཡང་ན་མཐའ་འཁོར་རིང་ཚད་ལ་ཚངས་ཐིག་གིས་བགོས་ན

$$\frac{82}{26}=3.1538…$$

ང་ཚོ་སོ་སོའི་སྒོར་དབྱིབས་ཀྱི་ཆེ་ཆུང་འདྲ་མིན་སྣ་ཚོགས་ཡོད་རུང་ཚང་མས་བརྩིས་པའི་མཐའ་འཁོར་རིང་ཚད་དང་ཚངས་ཐིག་རིང་ཚད་ཀྱི་སྡུར་ནི་ 3.1538… དང་ཉེ་བ་ཞིག་ཡིན། དོན་དངོས་སུ་དེ་ནི་སྒོར་དབྱིབས་ཀྱི་གལ་ཆེའི་རང་བཞིན་ཞིག་ཡིན།

རང་བཞིན། སྒོར་དབྱིབས་ཐམས་ཅད་ཀྱི་མཐའ་འཁོར་རིང་ཚད་དང་ཚངས་ཐིག་རིང་ཚད་གཉིས་ཀྱི་སྡུར་ནི་ནམ་ཡང་མཚུངས་པ་ཡིན།

མཚུངས་པའི་གྲངས་དེ་རྒྱུན་དུ་ང་ཚོས་གྷི་རིག་ཡི་གེ་ \(\pi\) ཡིས་མཚོན་ལ་ཁ་ནས་ pi ཞེས་འདོན་གྱི་ཡོད། དེ་ཡང་

སྒོར་དབྱིབས་ཐམས་ཅད་ཀྱི་མཐའ་འཁོར་རིང་ཚད་དང་ཚངས་ཐིག་རིང་ཚད་གཉིས་ཀྱི་སྡུར་ནི་ནམ་ཡང་\(\pi\) ཡིན།

གལ་ཏེ་ང་ཚོས་སོ་སོའི་སྒོར་དབྱིབས་ཀྱི་ཚད་ཤིན་ཏུ་ཡང་དག་པར་འཇལ་ཐུབ་ན་གྲངས་དེ་ནི་གཤམ་ལྟར་དག་ཚད་མཐོ་པོར་བསླེབ་ཐུབ།

$$\pi=3.14159265358979323846…$$

དེའི་སིལ་གྲངས་ཚེག་མས་ཀྱི་གྲངས་གནས་ལ་རྫོགས་རྒྱུ་མེད་ལ་རེས་འཁོར་ཡང་མེད་པས་དེ་ནི་ལུགས་མེད་གྲངས་ཤིག་ཡིན།

\(\pi\) ཉེ་མཚུངས་ཀྱིས་རྩི་བ།

ང་ཚོས་ \(\pi\) ཡི་གྲངས་ཐང་དེ་ཉེ་མཚུངས་ཀྱིས་རྩི་བ་ལས་ཐབས་གཞན་མེད། རྒྱུ་མཚན་གཙོ་བོ་ཡང་དེ་ནི་ལུགས་མེད་གྲངས་ཤིག་ཡིན་པས་སོ།

གལ་ཏེ་ཁྱེད་ཀྱིས་ཚངས་ཕྱེད་ལ་ 1 ཡིན་པའི་སྒོར་དབྱིབས་ཤིག་བྲིས་ན་དེའི་མཐའ་འཁོར་གྱི་ཕྱེད་ཀ་ནི་ \(\pi=3.14159265…\) ཡིན།

 

ཁྱེད་ཀྱིས་ཚངས་ཐིག་ལ་ 1 ཡིན་པའི་སྒོར་དབྱིབས་ཤིག་བྲི་ཐུབ་བམ་གལ་ཏེ་ཐུབ་ན་དེའི་མཐའ་འཁོར་ནི་ \(\pi=3.14159265…\) ཡིན།

དཔེར་བརྗོད།     རི་མོ་ལྟར་མི་ཞིག་གིས་ཚངས་ཐིག་ལ་སྨི་ 100 ཡིན་པའི་སྒོར་དབྱིབས་ལ་སྐོར་བ་ཞིག་བརྒྱབ། འོ་ན་མི་དེས་སྨི་ག་ཚོད་ཙམ་བསྐྱོད་པ་ཡིན་ནམ།

དེ་ཡང་ མི་དེས་བསྐྱོད་པའི་རིང་ཚད་ \(=\pi\times100=314.159…\) ཡིན་ཏེ་ཕལ་ཆེར་སྨི་ 314 ཙམ་བསྐྱོད་པ་ཡིན།

ཅུང་ལེགས་པའི་ \(\pi\) ཡི་ཉེ་མཚུངས་གཉིས།

སྟབས་བདེའི་ཉེ་མཚུངས་རྩི་སྟངས་ཤིག་ནི་ \(\frac{22}{7}=3.1428571…\) ལྟར་ཡིན། དེ་ནི་ཕལ་ཆེར་ང་ཚོས་སློབ་ཁང་ནང་སྤྱོད་པའི་ \(\pi\) ཡི་ཉེ་མཚུངས་གྲངས་ཐང་དེ་ཡིན་ཤས་ཆེ།

གོང་ལས་དེ་བས་ཡང་དག་པའི་ཉེ་མཚུངས་གཞན་ཞིག་ནི་ \(\frac{355}{113}=3.1415929…\) ཡིན།

ད་བར་ཨང་དང་པོར་རྙེད་པའི་སིལ་ཚེག་མས་སུ་གནས་ 100 ཡོད་པའི་ \(\pi\) ཡི་ཉེ་མཚུངས་གྲངས་ནི་

3.14159265358979323846264338327950288
4197169399375105820974944592307816
4062862089986280348253421170679…         ཡིན།

དཔྱད་གཞི།

http://www.mathsisfun.com/numbers/pi.html

༢༠༡༥ ལོའི་ཟླ་བ་ ༦ པའི་ཚེས་ ༡༨ ཉིན།

བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་རིག་ཚན་ཁག

ལྷག་པ་ཚེ་རིང་གིས་རྩོམ་སྒྲིག་བྱས།

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » π=3.14159265358979323846…
མཉམ་སྤྱོད།:
ཡག་པོ་འདུག(0) གསོལ་རས་གནང་བ།

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏