\(\sqrt{2}\) ལུགས་ལྡན་གྲངས་ཡིན་ནམ།

གྲངས་ཆའི་རྣམ་པ་ཡོད་ན་ལུགས་ལྡན་གྲངས་དང་མེད་ན་ལུགས་མེད་གྲངས་ཡིན།

ཁྱེད་ཀྱིས་སྔོན་ལ་ལུགས་ལྡན་གྲངས་ཀྱི་མཚན་ཉིད། དང་ ལུགས་ལྡན་གྲངས་ཀྱི་གྲངས་ཆའི་རྣམ་པ། གྲུ་བཞི་ཁ་གང་དང་རང་ཉིས་སྒྱུར་གཞི། བཅས་གཟིགས་དང་།

\(\sqrt{2}\) ནི་དངོས་ཡོད་གྲངས་ཤིག་ཡིན་པ་དང་དེ་རང་ཉིས་སྒྱུར་བྱས་ན་ 2 ཡིན།

འོ་ན་གྲངས་དེ་ལུགས་ལྡན་གྲངས་ཡིན་ནམ་ཡང་ན་ལུགས་མེད་གྲངས་ཡིན། དེ་ཡང་དངོས་ཡོད་གྲངས་གང་རུང་ཞིག་ལུགས་ལྡན་གྲངས་ཡིན་ན་ལུགས་མེད་གྲངས་མིན་པ་དང་ལུགས་ལྡན་གྲངས་མིན་ན་ལུགས་མེད་གྲངས་ཡིན་པ་ལས་གཞན་གྱི་གནས་ཚུལ་གསུམ་པ་ཞིག་མེད། གནས་ཚུལ་དེ་གཉིས་ལས་གཅིག་ཡིན་ན་ཅིག་ཤོས་མིན་པས་ཕན་ཚུན་ལྡོག་པའོ། དེ་ལྟ་བུའི་ཡིན་མིན་གནས་ཚུལ་སྒྲུབ་པར་ང་ཚོས་རྒྱུན་དུ་རྩིས་རིག་གི་རྩ་བའི་ར་སྤྲོད་ཐབས་ཤིག་སྟེ་ལྡོག་སྒྲུབ་ཐབས་བེད་སྤྱོད་བྱེད་ཀྱི་ཡོད།

ལུགས་ལྡན་གྲངས་ནི་གྲངས་ཆས་མཚོན་ཐུབ་པའི་གྲངས་ཡིན།  གཤམ་དུ་ང་ཚོས་ \(\sqrt{2}\) ནི་ལུགས་ལྡན་གྲངས་མིན་པར་ར་སྤྲོད་བྱ་རྒྱུ་ཡིན། གལ་ཏེ་དེ་ལྟར་བྱེད་ཐུབ་ན་གནས་ཚུལ་གཉིས་ཀྱི་ལྡོག་པའི་རང་བཞིན་ལས་དེ་ནི་ལུགས་མེད་གྲངས་ཡིན་པ་ངེས་སོ།

དེ་ཡང་ཐད་ཀར་ \(\sqrt{2}\) ལུགས་ལྡན་གྲངས་མིན་པ་སྒྲུབ་དཀའ་བས་སྔོན་ལ་དེ་ལུགས་ལྡན་གྲངས་ཡིན་པར་ཆ་བཞག། གལ་ཏེ་དེ་ནས་ཐོབ་པའི་འབྲས་བུ་དང་ཆ་བཞག་གཉིས་ཕན་ཚུན་འགལ་ཟླར་གྱུར་ན་ཆ་བཞག་དེ་ནོར་བས་དེ་ནི་ལུགས་ལྡན་གྲངས་མིན་པར་གྲུབ། དེར་བརྟེན་དེ་ནི་ལུགས་མེད་གྲངས་ཡིན། ཁ་ཅིག་གིས་དེ་ལྟ་བུའི་ར་སྤྲོད་ཐབས་ལ་ལྡོག་སྒྲུབ་ཐབས་ཟེར།

\(\sqrt{2}\) ལུགས་མེད་གྲངས་ཡིན་པ་སྒྲུབ་པ།

གལ་ཏེ་ \(\sqrt{2}\) ལུགས་ལྡན་གྲངས་ཡིན་ན་དེར་གྲངས་ཆའི་རྣམ་པ་ཡོད་ལ་ཆེས་བསྡུས་གྲངས་ཆའི་རྣམ་པ་ཡང་ཡོད་དེ་

$$\frac{p}{m}=\sqrt{2}$$ ལྟར་ཡིན། འདིར་མ་ཆ་ \(m\) དང་བུ་ཆ་ \(p\) གཉིས་ལ་ 1 ལས་གཞན་པའི་ཐུན་མོང་རྐྱེན་གྲངས་མེད། 

གྲངས་དེའི་རང་ཉིས་སྒྱུར་ནི་ 2 ཡིན་པས  \((\frac{p}{m})^2=2\) དང་ \(\frac{p^2}{m^2}=2\)

ཡང་ན་ \(p^2=2×m^2\) ཡིན། དེ་ལས་ \(p^2\) ནི་ཆ་གྲངས་ཡིན་པ་ཤེས། ཡང་གྲངས་ཤིག་གི་རང་ཉིས་སྒྱུར་ཆ་གྲངས་ཡིན་ན་གྲངས་དེ་ཡང་ཆ་གྲངས་ཡིན་པས་ \(p\) ནི་ཆ་གྲངས་ཡིན། དེར་བརྟེན་ 2 ནི་ \(p\) ཡི་རྐྱེན་གྲངས་ཡིན་པ་དང་ 4 ནི \(p^2=2×m^2\) ཡི་རྐྱེན་གྲངས་ཡིན། དེ་ལས་ \(m^2\) ནི་ཆ་གྲངས་ཡིན་པ་ཤེས།  གོང་དང་འདྲ་བར་ \(m\) ཡང་ཆ་གྲངས་ཡིན། མདོར་ན་ \(p\) དང་ \(m\) གཉིས་ཀ་ཆ་གྲངས་ཡིན་པས་ 2 ནི་གྲངས་དེ་གཉིས་ཀྱི་ཐུན་མོང་གི་རྐྱེན་གྲངས་ཤིག་ཡིན། འབྲས་བུ་དེ་དང་གོང་གི་ཆ་གཞག་ཕན་ཚུན་འགལ་ཟླར་གྱུར་པས་ཆ་བཞག་བྱས་པ་དེ་ནོར་བ་ཡིན། རྒྱུ་མཚན་དེའི་ཕྱིར་ \(\sqrt{2}\) ནི་ལུགས་མེད་གྲངས་ཡིན་ནོ།

དཔངས་འཕྲེད་ངེས་སྲོལ་ལས་བལྟས་ན།

སྔོན་ལ་ དཔངས་འཕྲེད་ངེས་སྲོལ། གཟིགས་དང་། བཤད་སྲོལ་ལ་ Pythagoras སློབ་གྲྭས་གྲངས་ཡོད་དགུ་གྲངས་ཆས་མཚོན་ཐུབ་པར་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་ཟེར། འོན་ཀྱང་ཁོང་གི་སློབ་མ་ཞིག་གིས་རིང་ཚད་ལ་ 1 ཡིན་པའི་གྲུ་བཞི་ཁ་གང་ཞིག་གི་གཏད་ཟུར་ཐིག་གི་རིང་ཚད་རྩི་དུས་དེ་ནི་ཡ་མཚན་ཅན་གྱི་གྲངས་ཤིག་ཡིན་པ་མ་ཟད་ད་དུང་ལུགས་ལྡན་གྲངས་མིན་པ་ཤེས། གྲངས་དེ་ནི་ \(\sqrt{2}\) ཡིན་ཏེ་སྐབས་དེ་དུས་ཐོག་མར་རྙེད་པ་ཞིག་ཡིན། ཡ་ང་བ་ཞིག་ལ་དེས་རྐྱེན་པས་སློབ་མ་དེར་ཆད་པ་དྲག་པོ་བཏང་སྟེ་ཆུར་བསྐྱུར་བ་རེད་ཟེར།

དེ་ཡང་གྲུ་བཞི་ཁ་གང་དེའི་ཕྱེད་ཀ་ནི་དྲང་ཟུར་ཟུར་གསུམ་ཞིག་ཡིན་པས་དཔངས་འཕྲེད་ངེས་སྲོལ་

ལས་ \((\sqrt{2})^2=1^2+1^2=2\) ཐོབ། དེ་ལྟ་བུའི་མཐའ་ཞིག་གྲངས་ཆས་མཚོན་མི་ཐུབ།།

༢༠༡༥ ལོའི་ཟླ་ ༦ པའི་ཚེས་ ༡༧ ཉིན།

ལྷག་པ་ཚེ་རིང་།

བོད་ལྗོངས་སློབ་གྲྭ་ཆེན་མོ་རྩིས་རིག་ཚན་ཁག

ཆོག་མཆན་མེད་པར་བརྒྱུད་བསྐུར་བྱས་མི་ཆོག » \(\sqrt{2}\) ལུགས་ལྡན་གྲངས་ཡིན་ནམ།
མཉམ་སྤྱོད།:
ཡག་པོ་འདུག(1) གསོལ་རས་གནང་བ།

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།

རྩོམ་ཡིག་ཡག་པོ་འདུག་བསམ་ན་གསོལ་རས་ཤིག་གནང་རོགས།

支付宝扫一扫打赏

微信扫一扫打赏