ལུགས་ལྡན་གྲངས་ཀྱི་གྲངས་ཆའི་རྣམ་པ།

གྲངས་ཆའི་རྣམ་པས་མཚོན་ཐུབ་པའི་གྲངས་ཚང་མར་ལུགས་ལྡན་གྲངས་ཟེར།

སྔོན་ལ་ལུགས་ལྡན་གྲངས་ཀྱི་མཚན་ཉིད།ལ་གཟིགས་ན་ལེགས།

ལུགས་ལྡན་གྲངས་ཁོངས་སུ་ཧྲིལ་གྲངས་དང་སིལ་གྲངས་ནི་གྲངས་ཀྱི་མཚོན་སྟངས་སམ་རྣམ་པ་གཞན་ཞིག་ཡིན། འོ་ན་དེ་ཚོ་གྲངས་ཆའི་རྣམ་པས་ཇི་ལྟར་མཚོན་པར་བྱ།

དང་པོ། ཧྲིལ་གྲངས་ཀྱི་གྲངས་ཆའི་རྣམ་པ།

དཔེར་བརྗོད།

\(23=\frac{23}{1}=\frac{46}{2}=\cdots\) དང་ \(-5=\frac{-5}{1}=\frac{-15}{3}=\cdots\)

བཞིན་སྟབས་བདེ་བའི་ཕྱིར་སླ་བསྡུས་གྲངས་ཆས་མཚོན་ན་ཧྲིལ་གྲངས་ཀྱི་མ་ཆ་གཅིག་ཡིན་པར་ཆ་བཞག་པས་ཆོག།

གཉིས་པ།  སིལ་གྲངས་ཀྱི་གྲངས་ཆའི་རྣམ་པ།

དཔེར་བརྗོད་དང་པོ། ཚད་ཡོད་སིལ་གྲངས་གྲངས་ཆར་འབབ་པ།

0.234 ལྟ་བུ་གྲངས་ཆར་འབབ་པར་བྱེད་ཐབས་གཉིས་ངོ་སྤྲོད་བྱ་རྒྱུ་ཡིན།

བྱ་ཐབས་དང་པོ།

སིལ་གྲངས་དེའི་མ་ཆ་གཅིག་ཡིན་པར་ཆ་འཇོག་པ།  \(0.234=\frac{0.234}{1}\)

མཚུངས་པའི་གྲངས་ཆ་སྤྱད་དེ་སྟེང་འོག་གཉིས་སུ་ཐེངས་རེར་ 10 རེ་བསྒྱུར་དགོས། སིལ་གྲངས་ཚེག་གི་རྗེས་སུ་གནས་ཇི་ཙམ་ཡོད་པ་ཐེངས་དེ་ཙམ་གྱིས་བསྒྱུར་དགོས།

དེ་ཡང་གནས་གཅིག་ཡོད་ན་ 10 དང་གནས་གཉིས་ཡོད་ན་ 100 གནས་གསུམ་ཡོད་ན་ 1000 གིས་བསྒྱུར་དགོས་པ་སོགས་སོ།

0.234 ལ་སིལ་ཚེག་རྗེས་སུ་གནས་གསུམ་ཡོད་པས་1000 གིས་བསྒྱུར་དགོས།

$$\frac{0.234}{1}=\frac{0.234×1000}{1×1000}=\frac{234}{1000}$$ 

གྲངས་ཆ་སླ་བསྡུས་བྱས་ན་  \(\frac{234}{1000}=\frac{117}{500}\) ཡིན།

བྱ་ཐབས་གཉིས་པ།

སིལ་གྲངས་ 0.234 ཡི་གྲངས་ཆའི་རྣམ་པ་ \(x\) ཡིས་མཚོན་པར་བྱས་ན་ \(x=0.234\) ཡིན། སིལ་ཚེག་རྗེས་སུ་གནས་གསུམ་ཡོད་པས་གཡས་གཡོན་གཉིས་སུ་ 1000 གིས་བསྒྱུར་ན་སིལ་གྲངས་མེད་པ་བཟོ་ཐུབ།

\(1000x=234\) དང་ སླར་གཡས་གཡོན་གཉིས་སུ་ 1000 གིས་བགོད་ན་

\(x=\frac{234}{1000}=\frac{117}{500}\) ཐོབ།

དཔེར་བརྗོད་གཉིས་པ། ཚད་མེད་རེས་འཁོར་སིལ་གྲངས་གྲངས་ཆར་འབབ་པ།

 ཚད་མེད་རེས་འཁོར་སིལ་གྲངས་ཞེས་པ་ནི་སིལ་ཚེག་མས་སུ་ཐོན་པའི་གྲངས་གནས་ལ་རྫོགས་མཐའ་མེད་པའམ་ཡང་ན་ཚད་མེད་པ་ཞིག་ཡིན་ལ་གནས་ཤིག་ནས་འགོ་འཛུགས་ཏེ་དེ་མས་ཀྱི་གནས་རྣམས་ནི་གྲངས་འགའ་རེས་ཡང་ནས་ཡང་དུ་འཁོར་བ་ཞིག་ཡིན། དཔེར་ན་ \(0.333\cdots\) ལ་མཚོན་ན་སིལ་ཚེག་མས་སུ་ཐོན་པའི་གྲངས་གནས་ལ་ཚད་མེད་པ་དང་གནས་དང་པོ་ནས་འགོ་འཛུགས་ཏེ་དེ་མས་ཀྱི་གནས་རྣམས་ནི་གྲངས་ 3 དེ་ཡང་ནས་ཡང་དུ་འཁོར་བ་ཞིག་ཡིན། འདིར་ \(\cdots\) ཡིས་སིལ་གྲངས་དེ་གོང་གི་རྣམ་པ་བཞིན་ཚད་མེད་པ་མཚོན་པ་ཡིན། ཡང་ \(0.\dot 3\) ལྟར་རེས་འཁོར་གྲངས་ཀྱི་སྟེང་དུ་ཚེག་བླངས་ནས་ཀྱང་མཚོན་པར་བྱེད།

འོ་ན་ཚད་མེད་རེས་འཁོར་སིལ་གྲངས་གྲངས་ཆས་ཇི་ལྟར་མཚོན་པར་བྱ་ཟེར་ན་དེ་ཡང་གོང་གི་བྱ་ཐབས་གཉིས་པ་དང་འདྲ་བ་ཡིན།

གལ་ཏེ་ \(x=0.333\cdots\) ཡིན་ན་གཞོགས་གཉིས་སུ་ 10 བསྒྱུར་བས \(10x=3.333\cdots\) ཐོབ།

མཉམ་བྱ་གཉིས་པ་ནས་མཉམ་བྱ་དང་པོ་འཐེན་ན་སིལ་གྲངས་མེད་པ་བཟོ་ཐུབ།

\(10x-x=3.333\cdots-0.333\cdots\) ལས་ \(9x=3\) ལས་ \(x=\frac{3}{9}=\frac{1}{3}\) ཡིན།

དེ་ཡང་ \(0.333\cdots\) ཡི་གྲངས་ཆའི་རྣམ་པ་ནི་ \(\frac{1}{3}\) ཡིན།

དེ་ལྟར་ཚད་མེད་རེས་འཁོར་སིལ་གྲངས་གཞན་གྲངས་ཆར་འབབ་པ་རིགས་འགྲེ་ནས་ཤེས་པར་བྱའོ།

གསལ་བཤད།  ཚད་མེད་རེས་འཁོར་མ་ཡིན་པའི་སིལ་གྲངས་ནི་གྲངས་ཆའི་རྣམ་པས་མཚོན་མི་ཐུབ་པས་དེ་ཚོ་ནི་ལུགས་མེད་གྲངས་ཡིན།

༢༠༡༥ ལོའི་ཟླ་བ་ ༦ པའི་ཚེས་ ༡༦ ཉིན།

བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་རིག་ཚན་ཁག

ལྷག་པ་ཚེ་རིང་།

རྩིས་རིག་ཤེས་བྱའི་སྡོང་པོའི་འཕྲིན་ཕྲན་སྤྱི་སྟེགས་ལ་ཕེབས་པར་དགའ་བསུ་ཞུ།
ཁྱེད་ཀྱི་དོ་ཁུར་ནི་ངའི་ཡར་རྒྱས་ཀྱི་འཕར་རྩ་ཡིན།
མཉམ་སྤྱོད།:
ཡག་པོ་འདུག(0)

དཔྱད་མཆན།སྐུབ་སྟེགས་ཟིན་པ།

  • མིང་། (ངེས་པར་དུ་བྲིས་དགོས།)
  • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
  • དྲ་ཚིགས།