གྲངས་ཆའི་སློབ་སྦྱོང་ནི་གཙོ་གནད་ཅིག་དང་དཀའ་གནད་ཅིག་ཡིན།

གྲངས་ཆའི་སློབ་སྦྱོང་ནི་གཙོ་གནད་དང་དཀའ་གནད་ཆེན་པོ་ཞིག་ཡིན་པ་འཛམ་གླིང་ཡོངས་སུ་ཁས་ལེན་བྱེད་པ།

 • གྲངས་ཆ་ནི་སློབ་ཆུང་ནས་སློབ་འབྲིང་བར་གྱི་གཙོ་བོའི་ནང་དོན་ཞིག་ཏུ་རྒྱ་ཆེར་ངོས་འཛིན་བྱེད་པ། (Lamon, 1999; Litwiller & Bright, 2002)

 • དགེ་རྒན་གྱི་དཀའ་གནད་ཅིག་ཏུ་ངོས་འཛིན་པ། དགེ་རྒན་གྱིས་དེའི་དོན་སྙིང་ལ་གོ་བ་ལོན་དཀའ་བ་དང་སློབ་ཁྲིད་བྱེད་དཀའ་བ། (Ma, 1999; Post, Cramer, Behr, Lesh, & Harel, 1993) གྲངས་ཆའི་ཁྲིད་སྦྱོང་གི་འཁྲུལ་བ་མང་ཆེ་བ་ཞིག་ནི་གྲངས་ཆའི་འགྲེལ་བཤད་བྱེད་སྟངས་མི་འདྲ་བ་མང་བ་དང་། མཚོན་བྱེད་དཔེ་རིས་སྣ་ཚོགས་ཡོད་པ། གྲངས་ཀྱི་མཚོན་སྟངས་འདྲ་མིན་(5/4, 1.25, 125%)ཡོད་པ་བཅས་ལས་བྱུང་བ་ཡིན།

 • སློབ་མའི་དཀའ་གནད་ཅིག་ཏུ་ངོས་འཛིན་པ།(Clarke, Roche, Mitchell & Sukenik, 2006; Gould, 2005; Pearn & Stephens, 2004; Streefland, 1991)

ཞིབ་འཇུག་ལས་བྱུང་བའི་བྱ་ཐབས་འགའ།

 • གྲངས་ཆའི་གོ་དོན་ལ་མཐོང་ཆེ་ཤོས་བྱ་དགོས་པ།
 • རྒྱ་སྐྱེད་རུང་བའི་དཔེ་རིས་སམ་མ་དཔེ་ཞིག་ལ་བརྟེན་ནས་གྲངས་ཆའི་མ་ཆ་དང་བུ་ཆའི་མཚན་ཉིད་འཇོག་དགོས་པ།

 • གྲངས་ཆའི་གྲངས་ཀྱི་རང་བཞིན་ལ་ནན་བཤད་བྱས་ཏེ་གྲངས་ཐིག་རྒྱ་སྐྱེད་པ་དང་དེའི་སྟེང་དུ་གྲངས་ཆ་དང་སིལ་གྲངས་མཚོན་དགོས་པ།

 • གྲངས་ཆ་རྫུན་མ་དང་མཚུངས་པའི་གྲངས་ཆར་སྔ་ཙམ་ནས་དོ་སྣང་བྱ་དགོས་པ།

 • མ་དཔེ་སྣ་ཚོགས་ནས་ཐོན་ཏེ་གྲངས་ཆ་མཚོན་དགོས་པ།

 • གྲངས་ཆ་དང་སིལ་གྲངས། རྒྱ་ཆའི་གྲངས་བཅས་ཀྱི་འབྲེལ་བ་བྱེད་གང་ཐུབ་བྱ་དགོས་པ།

 • གྲངས་ཆ་སློབ་ཁྲིད་ཇི་ལྟར་བྱེད་ཐབས་ཀྱི་ཉམས་མྱོང་ཇི་ལེགས་སུ་གཏོང་དགོས་པ།

འཚོ་བའི་ཁྲོད་ཀྱི་གྲངས་ཆ།

 • གཙོ་བོར་གྲངས་ཆ་འཚོ་བའི་ཁྲོད་དོན་དངོས་སུ་གནས་པ་གསལ་བཤད་བྱེད་དགོས་པ།
 • བྱ་དངོས་ཧྲིལ་པོ་ཞིག་ཆ་སྙོམས་ཀྱིས་དུམ་བུར་གཏུབ་པ།
 • བྱ་དངོས་ཧྲིལ་པོ་ཞིག་ཆ་སྙོམས་ཀྱིས་ཆ་ཤས་སུ་གཏོང་བ།
 • གྲངས་འབོར་ཞིག་ཆ་སྙོམས་ཀྱིས་མི་འགར་བགོ་བ།
 • ཞིང་ས་ཞིག་དུམ་བུ་གཉིས་སུ་གཏོང་བའམ་ཡང་ན་ནས་སྲན་གཉིས་སུ་བགོ་བ།  
 • ནོར་ཁྱུ་ཞིག་ཆོ་གསུམ་དུ་གཏོང་བའམ་ཡང་ན་ཁྱིམ་གསུམ་ལ་བགོ་བ།

འདེར་རང་ཉིད་ནས་བཟོས་པའི་མ་དཔེ་ཞིག་ཡོད་པས་དེ་བྱེད་ནུས་གང་འདྲ་ཡོད་མེད་ཁྱེད་ནས་གཟིགས་རོགས།

ད་ལོ་དོན་གྲུབ་ཁྱིམ་གྱི་ཞིང་སའི་གཉིས་ཆ་གཅིག་ལ་སྲན་མ་བཏབ་ཡོད

དོན་གྲུབ་ཁྱིམ་གྱི་ཞིང་ས།

 

 

 

 

གྲངས་ཆའི་གོ་དོན།

དང་པོ།  ཞིང་སའི་གཉིས་ཆ་གཅིག་=ཞིང་སའི་རྒྱ་ཁྱོན་གྱི་གཉིས་ཆ་གཅིག་གམ་ཡང་ན་ཕྱེད་ཀ།

གཉིས་པ།  སྲན་མའི་རྒྱ་ཁྱོན་དང་སྤྱིའི་རྒྱ་ཁྱོན་གྱི་འབྲེལ་བ།

གསུམ་པ།  ལྷག་མ་ནི་ནས་ཡིན་པས་འོ་ན་ནས་ཀྱི་རྒྱ་ཁྱོན་ཇི་ལྟར་བཤད་ཆོག།

བཞི་པ།    ཞིང་ས་སྤྱིའི་རྒྱ་ཁྱོན་དེ་ཧྲིལ་པོ་གཅིག་ =1 ཡིན་པས་ཧྲིལ་པོ་དེ་ཆ་སྙོམས་ཀྱིས་དུམ་བུའམ་

           ཆ་ཤས་སམ་ཁག་གཉིས་སུ་བགོ་བའམ་ཡང་ན་ནས་དང་སྲན་མ་གཉིས་སུ་བགོ་བ་སྟེ།

$$1÷2$$

ལྔ་པ།     བགོས་ཐོབ་ནི་ཆ་ཤས་རེར་ཞིང་དེའི་ཕྱེད་ཀ་སྟེ་གཉིས་ཆ་གཅིག་ཟིན་པས།

$$1÷2=\frac{1}{2}$$

         དེའི་ཁྲོད་དུ་ 1 ལ་བུ་ཆ་ཟེར་ཞིང་ 2 ལ་མ་ཆ་ཟེར། \(\frac {1}{2}\) ནི་གྲངས་ཆ་ཡིན་ལ་བགོད་རྩིས་ཀྱང་ཡིན།

\(\frac {1}{2}\) གི་གོ་དོན།

དང་པོ།        \(\frac {1}{2}\) དང་འབྲེལ་བའི་ཧྲིལ་པོ་ 1 གི་གོ་དོན།

གཉིས་པ།      ཧྲིལ་པོ་ 1 དང་འབྲེལ་བའི་ \(\frac {1}{2}\) གི་གོ་དོན།

གསུམ་པ།      \(\frac {1}{2}\) དང་ཧྲིལ་པོ་ 1 གི་མཐའ་མའི་གོ་དོན།

འདིར་ \(\frac {1}{2}\) གི་འབྱུང་ཁུངས་ཧྲིལ་པོ་ 1 གིས་དོན་གྲུབ་ཁྱིམ་གྱི་ཞིང་སའི་རྒྱ་ཁྱོན་མཚོན་པས། དེ་ནི་བཀྲ་ཤིས་ཁྱིམ་གྱི་ཞིང་སའི་རྒྱ་ཁྱོན་དང་མི་མཚུངས་ལ་བྱ་དངོས་གཞན་གང་རུང་ཞིག་ཆ་ཤས་སུ་བགོད་སྐབས་ཀྱི་བྱ་དངོས་སྤྱི་ཡོངས་དེ་ཧྲིལ་པོ་ལ་ཆ་བཞག་པའི་ 1 དང་དེ་བས་མི་མཚུངས།

\(\frac {1}{2}\) དང་ཧྲིལ་པོ་ 1 ནི་ཕན་ཚུན་ལྟོས་བཅས་ཡིན་པ་དང་ \(\frac {1}{2}\) གིས་ཧྲིལ་པོ་ 1 གི་ཕྱེད་ཀ་ཙམ་ཟིན་པ་བསྟན།

དོན་གྲུབ་ཁྱིམ་གྱི་ཞིང་སའི་སྤྱིའི་རྒྱ་ཁྱོན་དེ་ཧྲིལ་པོ་ལ་ཆ་བཞག་ནས་དེ་ཆ་ཤས་གཉིས་སམ་ཡང་ན་ནས་སྲན་གཉིས་སུ་བགོ་བ་ཡིན། བགོས་རྗེས་ཆ་ཤས་རེར་ཐོབ་པ་ནི་ཧྲིལ་པོ་ 1 དེའི་ \(\frac {1}{2}\) ཡིན། དེ་ཡང་སྲན་མ་དང་ནས་སོ་སོས་ཧྲིལ་པོ་ 1 དེའི་ \(\frac {1}{2}\) ཟིན་པ་ཡིན།

དོན་གྲུབ་ཁྱིམ་གྱི་སྲན་མས་ཟིན་པའི་ཆ་ཤས་ \(\frac {1}{2}\) དེ་བཀྲ་ཤིས་ཁྱིམ་གྱི་སྲན་མས་ཟིན་པའི་ཆ་ཤས་ \(\frac {1}{2}\) དང་མི་མཚུངས་བ་ཡོང་སྲིད། གལ་ཏེ་དོན་གྲུབ་ཁྱིམ་གྱི་ཞིང་སའི་རྒྱ་ཁྱོན་དེ་སྨི་གྲུ་བཞི་མ་ 360 ཡིན་ན་དོན་གྲུབ་ཁྱིམ་གྱི་ཧྲིལ་པོ་ 1 དེས་སྨི་གྲུ་བཞི་མ་ 360 ཡིན་པའི་ཞིང་ས་དེ་མཚོན་པས།

\(1÷2=\frac {1}{2}\) ནི 360÷2=180 ཡིན
\(1=\frac {1}{2}+\frac {1}{2}\) ནི 360=180+180 ཡིན

དེར་བརྟེན། དོན་གྲུབ་ཁྱིམ་གྱི་སྲན་མས་ཟིན་པའི་ཆ་ཤས་ \(\frac {1}{2}\) དེའི་མཐའ་མའི་གོ་དོན་ནི་སྨི་གྲུ་བཞི་མ་ 360 ཡི་ \(\frac {1}{2}\) སྟེ་སྨི་གྲུ་བཞི་མ་ 180 ཡིན།

དེ་ཡང་། སྨི་གྲུ་བཞི་མ་ 360 ཡི་ \(\frac {1}{2}\) ནི་སྨི་གྲུ་བཞི་མ་ 180 ཡིན་ཞེས་ང་ཚོས་གྲངས་ཀྱི་རྣམ་པས་མཚོན་ན་གཤམ་ལྟར་ཡིན།

$$360×\frac {1}{2}=180$$

གྲངས་ཆའི་གོ་དོན་སློབ་སྦྱོང་བྱེད་སྐབས་སྔོན་ལ་དུས་ཡུན་གང་མཚམས་ཤིག་ནང་ཧྲིལ་པོ་ངེས་གཏན་ཞིག་ལ་ཕྱོགས་གང་རུང་ནས་དབྱེ་ཞིབ་བྱས་ན་ལེགས་སྙམ།

དཔེར་ན།  དོན་གྲུབ་ཁྱིམ་གྱི་ཞིང་སའི་འདེབས་སྟངས་སྐོར།

དེ་ནས་རིགས་འདྲ་བའི་གནད་དོན་སྐོར་ཏེ་རྒྱ་ཁྱོན་གྱི་གནད་དོན་གཞན་ལ་དབྱེ་ཞིབ་བྱས་ན་ལེགས་སྙམ།

དཔེར་ན། བཀྲ་ཤིས་ཁྱིམ་གྱི་ཞིང་སའི་འདེབས་སྟངས་སྐོར།

དེ་ནས་རིམ་བཞིན་རིགས་མི་མཐུན་པའི་སྐོར་ལ་དབྱེ་ཞིབ་བྱས་ན་ལེགས་སྙམ།

དཔེར་ན།  རིང་ཚད་དང་བོངས་ཚད། དེ་བཞིན་གྲངས་འབོར་གཞན་གང་རུང་།

ཡང་དཔེར་ན་རིང་ཚད་ཁྲོད་མཇལ་བྱེད་ཐུང་བ་ལི་སྨི་ལྟ་བུ་དང་མཇལ་བྱེད་རིང་བ་སྨི་དབར་གྱི་འབྲེལ་བ་གྲངས་ཆས་ལེགས་པར་མཚོན་ཆོག་པ་ལྟ་བུ་གྲངས་ཆས་གནད་དོན་ལ་འགྲེལ་

བཤད་རྒྱག་པ་དང་གྲངས་ཆས་གནད་དོན་ཐག་གཅོད་པའི་ནུས་པ་བསྐྱེད་བསྲིངས་བྱེད་ཐུབ།

དེ་ནས་གྲངས་ཆའི་དམིགས་བསལ་རྒྱ་ཆའི་གྲངས་ཀྱི་ཐུན་མོང་མ་ཡིན་པའི་བེད་སྤྱོད་གསལ་བཤད་བྱེད་པ།།

དེ་ནས་གྲངས་ཆ་དང་སིལ་གྲངས་ཀྱི་འབྲེལ་བ་གསལ་བཤད་བྱེད་པ།

མཐའ་མར་སྤྱི་ཡོངས་ནས་གྲངས་མཚོན་པར་བེད་སྤྱོད་པའི་རྩ་བའི་མ་དཔེ་སྟེ་གྲངས་ཐིག་སྟེང་དུ་གྲངས་ཆ་དང་ཧྲིལ་གྲངས། སིལ་གྲངས་བཅས་མཉམ་དུ་མཚོན་པར་བྱས་ན་ཤིན་ཏུ་ནས་ལེགས་སྙམ།

གོང་དུ་གུས་པས་ཡོངས་གྲགས་ཀྱི་གྲངས་ཆའི་སློབ་སྦྱོང་སྐོར་གྱི་ལྟ་ཚུལ་འགའ་བཀོད་ཡོད་པས་ཚང་མས་དེ་དག་ནི་ལེགས་བཤད་རེད་བསམས་ནས་དོན་དངོས་སློབ་སྦྱོང་ཁྲོད་དོ་སྣང་བྱ་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཞིག་རེད། དེ་རྗེས་བཀོད་པའི་དོན་གྲུབ་ཁྱིམ་གྱི་ཞིང་སའི་མ་དཔེ་དཔེར་བརྗོད་ཙམ་དུ་ཡིན་པས་འོས་མིན་ལ་གཟིགས་རོགས་ཞུ།།

༢༠༡༥ ལོའི་ཟླ་བ་ ༥ ཚེས་ ༣༡ ཉིན།

བོད་སློབ་ཆེན་རྩིས་རིག་ཚན་ཁག

ལྷག་པ་ཚེ་རིང་ནས།

རྩིས་རིག་ཤེས་བྱའི་སྡོང་པོའི་འཕྲིན་ཕྲན་སྤྱི་སྟེགས་ལ་ཕེབས་པར་དགའ་བསུ་ཞུ།
ཁྱེད་ཀྱི་དོ་ཁུར་ནི་ངའི་ཡར་རྒྱས་ཀྱི་འཕར་རྩ་ཡིན།
མཉམ་སྤྱོད།:
ཡག་པོ་འདུག(3)

དཔྱད་མཆན།སྐུབ་སྟེགས་ཟིན་པ།

 • མིང་། (ངེས་པར་དུ་བྲིས་དགོས།)
 • ཡིག་སྒམ། (ངེས་པར་དུ་བྲིས་དགོས།)
 • དྲ་ཚིགས།